འུ་ཚང་གི་སློབ་གསོ་དང་གཞ
藏文报
作者:
新闻 时间:2016年06月08日 来源:藏文报
འུ་ཚང་གི་སློབ་གསོ་དང་གཞན་གྱི་སློབ་གསོ།
ལོང་བ།
སྤྱིར་མི་སུ་ཞིག་ཡིན་རུང་སློབ་གསོ་མཁོ་ལ། ལྷག་ཏུ་བྱིས་པར་སློབ་གསོ་ལེགས་པོ་ཞིག་སྤྲོད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན། བྱིས་བློ་ནི་ལྷན་སྐྱེས་ཀྱི་དྭངས་ཤིང་གཙང་བ་ཞིག་ཡིན་པས་ཐོག་མ་ཉིད་ནས་སློབ་གསོ་ལེགས་པོ་ཞིག་ཅི་ནས་ཀྱང་སྤྲོད་ཐུབ་དགོས། སློབ་གསོ་ལེགས་པོ་ཞིག་སྤྲད་ན་ད་གཟོད་མི་བུ་འཇོན་ཐང་ཅན། སྒལ་ཚིགས་ཅན། སྤྱི་ཚོགས་ལ་ཕན་པ་བསྒྲུབ་མཁན་ཞིག་ཡོང་རྒྱུ་གོར་མ་ཆགས། དེ་ལས་ལྡོག་སྟེ་སློབ་གསོ་ལེགས་པོ་མེད་ན་ཞབས་འདྲེན་དུ་འགྱུར་ངེས་པ་ཡིན། སློབ་གསོ་སྤྲོད་མཁན་ནི་གཙོ་བོ་ཕ་མ་དང་དགེ་རྒན། སྒོས་སུ་ཨ་མའི་སློབ་གསོ་ནི་ཕྲུ་གུའི་རྒྱུད་ལ་བག་ཆགས་ཆེས་ཟབ་ཤོས་དང་མཐུག་ཤོས་ཤིག་ཡིན་ཞེས་གསུངས་ཡོད།
དེར་བརྟེན་ཨ་མས་ཕྲུ་གུར་སློབ་གསོ་ལེགས་པོ་སྤྲོད་རྒྱུ་ནི་ཤིན་ཏུ་གཙིགས་ཆེན་ཡིན་མོད། འོན་ཀྱང་ང་ཚོས་ཐལ་ལྕག་དང་གཅར་རྡུང་འབའ་ཞིག་གི་ཁོར་ཡུག་སྡུག་པོའི་འོག་ཏུ་སློབ་གསོ་བྱེད་ཀྱིན་ཡོད། ང་ཚོའི་ཕ་མ་དག་གིས་བྱིས་པའི་དྭངས་གཙང་གི་བློ་ལ་ཤུགས་སྣོན་མེད་པར། དེ་ལས་ལྡོག་སྟེ། ཁྱོད་བྱིས་པ་ཞིག་རེད། ཁྱོད་ཀྱིས་ཅང་ཤེས་ནི་མ་རེད་ཟེར་ནས་བྱིས་པའི་མཚར་འཛིན་གྱི་བློ་དམར་གསོད་གཏོང་གིན་ཡོད། དེ་ནི་གཞི་ནས་སློབ་གསོ་གཏོང་མ་ཤེས་པའམ་ཐམས་ལམ་ནོར་འཁྲུལ་ཅན་ཞིག་རེད། ཡིན་ཕྱིར། མ་འོངས་པར་སློབ་གསོའི་ཁ་ཕྱོགས་བསྒྱུར་རྒྱུ་ནི་གལ་ཆེན་པོ་ཞིག་ཏུ་འཁུམས། དབྱིས་ཅན་ལིས་གྱིས། “བཙན་དྲག་གི་སློབ་གསོ་བྱེད་ཐབས་ཀྱིས་བྱིས་པ་ཁར་ཉན་དུ་འཇུག་ཐུབ་མོད། བྱིས་པ་བློ་རིག་རྒོད་ཅིང་བསམ་ཤེས་ཅན་དུ་གཏོང་མི་ཐུབ”ཅེས་ཟེར་རོ།
སློབ་གསོ་ལ་མཁས་པའི་གཞན་རིགས་ཀྱི་ཕ་མ་དག་གིས་རང་གི་བྱིས་པར་སློབ་གསོ་ཇི་ལྟར་གཏོང་བའི་དཔེ་མཚོན་མང་བོ་ཞིག་ཡོད་དེ། འཇམ་དབྱངས་སྐྱིད་ཀྱིས་བསྒྱུར་བའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཨ་མ་ཞིག་གིས་བྱིས་པ་སློབ་གསོ་གཏོང་སྟངས་ཀྱི་ལེགས་རྩོམ་ཐུང་ངུ་ཞིག་ཡོད་པ་འདི་ལྟར་ཏེ། ལོ་མང་བོའི་སྔོན་གྱི་དགོང་མོ་ཞིག་ལ། ལོ་ན་གཞོན་པའི་ཨ་མ་ཞིག་གིས་ཐབ་ཚང་དུ་དཀར་ཡོལ་འཁྲུད་སྐབས། མོའི་ལོ་ན་ཤིན་ཏུ་ཕྲ་བའི་བུ་ཆུང་གཅིག་པུ་ཟླ་འོད་ཀྱིས་ཁེངས་པའི་ལྟག་རྒྱབ་ཀྱི་སྒོ་རའི་ནང་རྩེད་འཇོར་གཡེང་འདུག བུ་ཡང་ཡང་གནམ་ལ་མཆོངས་ལྡིང་བྱེད་པའི་སྒྲ་ཐོས་པ་ན། ཨ་མ་ཡ་མཚར་ཏེ་སྐད་ཆེན་པོས་བུ་ལ་ཅི་ཞིག་བྱེད་ཀྱིན་ཡོད་ཞེས་དྲིས་པར། དྭངས་གཙང་བྱིས་བློས་ཕྱུག་པའི་བུ་ཆུང་གིས་སྐད་གསང་མཐོན་པོས། ཨ་མ། ང་རང་ཟླ་བའི་གོ་ལའི་སྟེང་མཆོང་འདོད་ཅེས་ལན་བཏབ། ཨ་མ་དེས་ཕ་མ་གཞན་ལྟར་སློབ་སྦྱོང་ཡག་པོ་མི་བྱེད་པར་གླེན་རྟགས་མ་སྟོན་ཞེས་བུ་ལ་གཤེ་གཤེ་མ་བཏང་བར་མ་ཟད། ཡག་པོ་འདུག འོན་ཀྱང་ཕྱིར་ལོག་ཡོང་རྒྱུ་བརྗེད་མི་ཉན་ཞེས་ཀུ་རེའི་ཚུལ་གྱིས་བཤད།
བྱིས་པ་དེ་འཚར་ལོངས་བྱུས་རྗེས་དངོས་སུ་ཟླ་བའི་གོ་ལའི་སྟེང་དུ་གོམ་པ་བསྒྱུར་བ་རེད། ཁོ་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཟླ་བའི་གོ་ལའི་སྟེང་འཛེགས་མཁན་དང་བོ་སྟེ། ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ“ཨམ་སི་ཐི་རོང”ཟེར་བ་དེ་རེད། ཁོ་རང་ཟླ་བའི་གོ་ལའི་སྟེང་དུ་བསླེབས་པའི་དུས་ཚོད་ནི 1969 ལོའི་ཟླ 7 པའི་ཚེས 16 ཉིན་རེད། དོན་དངོས་འདི་ལས་ཀྱང་ཨ་མའི་སློབ་གསོ་ནི་ཧ་ཅང་གལ་ཆེན་ཡིན་པ་གསལ་བཤད་བྱས་ཡོད། དེ་བས་ང་ཚོ་མུ་མཐུད་དུ་ས་སྒང་རིལ་མོ་འདིའི་ཐོག་གསོན་འདོད་ན་མི་ཆོས་རིག་གནས་གོང་འཕེལ་དང་འཛམ་གླིང་གི་གྲགས་ཅན་མི་རིགས་ཡ་ཧུ་ངཱ་པ་སོགས་ལ་སློབ་སྦྱོང་བྱ་དགོས་པར་འདོད་དོ།།