本版导航 各版导航 视觉导航 标题导航 以往报纸

སློབ་གསོ་པུས་རྒྱུགས་སྤྲོད་སློབ་མའི་ཡིག་ཚད་རྐུ་བཤུ་སོགས་ཀྱི་ བྱ་སྤྱོད་ཉེས་ཁྲིམས་ནང་བཅུག་ཡོད་ཅེས་དྲན་སྐུལ་བྱས་པ།

藏文报 新闻    时间:2016年06月08日    来源:藏文报

    ཟླ 6པའི་ཚེས 3ཉིན་ལ། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2016ལོར་ཉེས་ཁྲིམས་དག་བཅོས་འཆར་ཟིན(དགུ་བ)གྱི་ཡིག་ཚད་རྐུ་བཤུ་སོགས་ཀྱི་ནག་ཉེས་རིགས་ཀྱི་འབྲེལ་ཡོད་དོན་ཚན་མཐོ་རྒྱུགས་ནང་སྤྱོད་རྒྱུ་རེད། སློབ་གསོ་པུས་རྒྱ་ཆེའི་སློབ་མར་དྲང་བདེན་ཡིག་རྒྱུགས་གཏོང་བ་དང་ཡིག་རྒྱུགས་ཀྱི་སྒྲིག་ཁྲིམས་དང་རྒྱུགས་རའི་གཏན་འབེབས་ལ་རང་འགུལ་ངང་བརྩི་སྲུང་ཞུ་དགོས་པ་ལས་ཚོགས་པ་སྣ་ཚོགས་དང་མི་གང་བྱུང་གི“ཡིག་རྒྱུགས་གཏོང་རོགས”ཀྱི་མགོ་སྐོར་སླུ་བྲིད་ལ་ཡིད་ཆེས་བྱས་ནས་རང་ཉིད་མགོ་སྐོར་འོག་ཚུད་པ་དང་། གྱོང་གུན་ཕོག་པ། ཚེ་གང་བློ་ཕམ་བཟོ་བ་བཅས་བྱ་མི་རུང་བའི་དྲན་སྐུལ་བྱས་ཡོད་པ་རེད།
    ཉེས་ཁྲིམས་དག་བཅོས་འཆར་ཟིན(དགུ་བ)ནང་གཏན་འབེབས་བྱས་དོན། བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་རྒྱལ་ཁབ་ཀྱི་ཡིག་རྒྱུགས་ཁྲོད་རྐུ་བཤུ་བྱས་པར་ལོ 3མན་གྱི་དུས་བཀག་བཙོན་འཇུག་གམ་བཀག་ཉར་བྱ་རྒྱུ་མ་ཟད། ཆད་པ་གཅོད་པའམ་ཡང་ན་དངུལ་ཆད་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ལོ 3ཡན་དང་ལོ 7མན་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུ་མ་ཟད་དངུལ་ཆད་ཀྱང་གཅོད་རྒྱུ། མི་གཞན་གྱི་ཚབ་བྱེད་པའམ་ཡང་ན་མི་གཞན་རང་ཉིད་ཀྱི་ཚབ་ཏུ་བཏང་ནས་ཡིག་རྒྱུགས་ནང་ཞུགས་པར་དོན་ཚན་དང་པོའི་གཏན་འབེབས་གཞིར་བཟུང་བཀག་ཉར་བྱེད་པའམ་གཅུན་འདོམས་བྱ་རྒྱུ་མ་ཟད་ཆད་པ་གཅོད་པའམ་ཡང་ན་དངུལ་ཆད་ཀྱང་གཅོད་རྒྱུ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གསོའི་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་མཐོ་རྒྱུགས་ཀྱི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་དེ་རིགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་རེད། ཡིག་རྒྱུགས་དྲང་བདེན་མེད་པ་དང་སྒྲིག་འགལ་རྐུ་བཤུ་སོགས་རྒྱུགས་སྤྲོད་སློབ་མར《རྒྱལ་ཁབ་སློབ་གསོའི་ཡིག་རྒྱུགས་སྒྲིག་འགལ་ཐག་གཅོད་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སློབ་མ་དེའི་ལོ་དེའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་དབང་ངམ་རྒྱུགས་བསྡུའི་ཐོབ་ཐང་མེད་པ་བཟོ་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་རྒྱལ་ཁབ་སློབ་གསོའི་ཡིག་རྒྱུགས་སྣ་ཚོགས་ནང་ལོ 1ནས་ལོ 3བར་གནས་སྐབས་ཞུགས་མི་ཆོག་པའི་ཐག་གཅོད་བྱ་རྒྱུ་མ་ཟད། དེའི་སྒྲིག་འགལ་གནས་ཚུལ་སློབ་མའི་ཡིད་རྟོན་གློག་རྡུལ་ཡིག་ཚགས་ནང་དུའང་འཇུག་རྒྱུ་དང་། སློབ་གྲྭར་ཞུགས་ཟིན་པ་སློབ་གྲྭའི་སྐྱིད་སྡུག་ནས་ཕྱིར་འབུད་མཐའ་གཅིག་ཏུ་བྱ་རྒྱུ་རེད།
    ཁྲིམས་འགལ་ཉེས་གསོག་གི་དོགས་གཞི་ཡོད་པ་ཁྲིམས་འཛིན་ལས་ཁུངས་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་རྒྱུ་རེད། ཉེས་ཁྲིམས་དག་བཅོས་འཆར་ཟིན(དགུ་བ)དང་གསར་དུ་བཟོ་བཅོས་བྱས་པའི་སློབ་གསོའི་བཅའ་ཁྲིམས་ནང་ཡིག་རྒྱུགས་རྐུ་བཤུ་སོགས་ཀྱི་བྱ་སྤྱོད་ལ་ཆད་གཅོད་བྱེད་པའི་ཐད་གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད།།