本版导航 各版导航 视觉导航 标题导航 以往报纸

“ཕ་ཡུལ་ཀན་ལྷོ”ཞེས་པའི་རྩོམ་བསྡུའི་འགྲན་བསྡུར་བརྡ་སྦྱོར།

藏文报 新闻    时间:2016年06月08日    来源:藏文报

    རྩོམ་རིག་གསར་རྩོམ་ལ་འཇུག་པ་ཡངས་པའི་ཕ་ཡུལ་ཀན་ལྷོའི་རྩོམ་འབྲི་བ་རྣམས་ལ་ཞུ་དོན། ཀན་ལྷོའི་རྩོམ་རིག་གི་སྒོ་འཕར་སྔར་ལས་ཇེ་ཆེར་བཏང་སྟེ་རྩོམ་རིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དུ། ཀན་ལྷོའི་གསར་འགྱུར་ཁང་གིས“ཕ་ཡུལ་ཀན་ལྷོ”ཞེས་པའི་རྩོམ་བསྡུའི་འགྲན་བསྡུར་སྤེལ་རྒྱུ་ཡིན་པས། རྒྱ་ཆེའི་རྩོམ་པ་པོ་དང་སྙན་ངག་པ། རྩོམ་རིག་ལ་དུངས་པ་ཟབ་པ་རྣམས་ལས་འདིར་སྤྲོ་བས་ཞུགས་ཏེ་ང་ཚོར་རྩོམ་ཡིག་བསྐུར་བར་ཞུ།
གཅིག གཙོ་སྒྲུབ་ལས་ཁུངས།
    ཀན་ལྷོའི་གསར་འགྱུར་གྱི་བོད་ཡིག་རྩོམ་སྒྲིག་ཁང་།
གཉིས། འགྲན་བསྡུར་གྱི་བརྗོད་གཞི།
    འགྲན་བསྡུར་གྱིས་ཕ་ཡུལ་ཀན་ལྷོར་བསྔགས་བརྗོད་བྱེད་པ་བརྗོད་བྱར་བཟུང་སྟེ། ཀན་ལྷོ་ཁུལ་བཙུགས་པ་ནས་བཟུང་བའི་ལོ་རྒྱུས་དང་གོང་འཕེལ་གྱི་འགྱུར་ལྡོག་མཚོན་པ་དང་། ཀན་ལྷོའི་འཛུགས་སྐྲུན་ཁག་ལ་འཐོབ་པའི་གྲུབ་འབྲས་དང་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འབུངས་བྱེད་པའི་ལས་སྐྲུན་སྙིང་སྟོབས་ལ་བསྟོད་བསྔགས་བྱས་ཏེ། “སྐྱེ་ཁམས་མཛེས་པའི་ཀན་ལྷོ་དང་ཡུལ་སྐོར་དར་བའི་ཀན་ལྷོ། རིག་གནས་དར་བའི་ཀན་ལྷོ། སྣ་མང་འཛོམས་པའི་ཀན་ལྷོ། བདེ་སྐྱིད་ལྡན་པའི་ཀན་ལྷོ”འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས།
གསུམ། བྱ་འགུལ་སྤེལ་བའི་དུས་ཚོད།
    བརྡ་སྦྱོར་འདི་སྤེལ་ཉིན་ནས 2016ལོའི་ཟླ 12པའི་ཟླ་མཇུག་བར།
བཞི། བྱ་དགའི་རིམ་པ།
    འགྲན་བསྡུར་འདི་ལྷུག་རྩོམ་དང་སྙན་ངག་སྟེ་བརྩམས་ཆོས་རིགས་གཉིས་སུ་དབྱེ་ཡོད། སྣ་རེ་རེར་བྱ་དགའ་ཨང་དང་བོ་གཅིག་སྟེ་སྒོར 1000དང་། བྱ་དགའ་ཨང་གཉིས་པ་གཉིས་ཏེ་སྒོར 500རེ། བྱ་དགའ་ཨང་གསུམ་པ་ལྔ་སྟེ་སྒོར 300རེ། ཕུལ་བྱུང་བྱ་དགའ་ཉི་ཤུ་བཅས་ཡོད། ཚང་མར་བྱ་དགའི་དཔང་ཡིག་སྟེར་རྒྱུ།
ལྔ། བརྩམས་ཆོས་ཀྱི་བླང་བྱ།
    ཀན་ལྷོ་ཁུལ་ཕྱི་ནང་གི་སྤྱི་ཚོགས་ལས་རིགས་སོ་སོའི་རྩོམ་པ་པོ་དང་སྙན་ངག་པ་ཐེངས་འདིའི་འགྲན་བསྡུར་དུ་ཞུགས་ཆོག འགྲན་ཞུགས་བརྩམས་ཆོས་ཚང་མ་ཐོག་མར་བརྩམས་པའི་ལྷུག་རྩོམ་དང་སྙན་ངག་ཡིན་དགོས། ལྷུག་རྩོམ་གྱི་ཡིག་འབྲུ 2000ཡས་མས་དང་། སྙན་ངག་ཐིག་ཕྲེང 50ཡས་མས་ཡིན། ཕུལ་བྱུང་བརྩམས་ཆོས་ཚགས་པར་གྱི་རིག་རྩལ་པར་ངོས་སུ་བཀོད་རྗེས་དེ་དག་ལས་བདམས་ནས་དཔྱད་འདེམས་བྱ་རྒྱུ།
དྲུག རྩོམ་བསྐུར་བླང་བྱ།
1.རྩོམ་བསྐུར་ཡིག་སྒམ། gnrbzw @ 126.com 
2.བོད་ཡིག་གི་ཡིག་གཟུགས་གང་རུང་ཡིན་ཆོག
3.གློག་རྡུལ་ཡིག་སྒམ་གྱི་རྩོམ་ཡིག་བརྗོད་གཞིའི་ཟུར་མཆན་དུ“ཕ་ཡུལ་ཀན་ལྷོའི”རྩོམ་བསྡུ་ཞེས་འགོད་དགོས།
4.རྩོམ་གྱི་མཇུག་ཏུ་འབྲེལ་གཏུག་ས་གནས་དང་ཁ་པར་ཨང་གྲངས་གསལ་བོར་འབྲི་དགོས།
5.མི་གཅིག་གིས་རྩོམ་གཅིག་རེ་བསྐུར་བ་ལས་བསྐྱར་བསྐུར་མི་བྱ་བར་ཞུ།
བདུན། འབྲེལ་གཏུག་ཁ་པར། 
   13893990006      09418215503

ཀན་ལྷོའི་གསར་འགྱུར་གྱི་བོད་ཡིག་རྩོམ་སྒྲིག་ཁང་ནས།
           2016ལོའི་ཟླ 5བའི་ཚེས 6ཉིན་ལ།