本版导航 各版导航 视觉导航 标题导航 以往报纸

ཁུ་བྱུག་གི་གདུང་དབྱངས་ལ་དྲངས་པའི་ རྗེས་དྲན་སེམས་ཀྱི་མིག་ཆུ།

藏文报 新闻    时间:2016年08月27日    来源:藏文报

    བདག་གིས་འཇིག་རྟེན་གྱི་མིག་ཟུང་ཐོག་མ་ཕྱེ་དུས། ཁྱེད་ཉིད་སྔ་མོ་ཞིག་ནས་ཡར་ལུང་ཁོག་བརྒྱུད་དེ་ལམ་ལ་ཆས་འདུག ཁྱེད་ཀྱིས་མི་ཡུལ་ལ་བཞག་པའི་སྙན་ལྷང་ལྷང་གི་གླུ་སྐད་རེ་རེ་དང་ལྗིད་ཏིག་ཏིག་གི་གོམ་འགྲོས་རེ་རེ། ད་དུང་ཁྱེད་རང་བཞུད་མྱོང་བའི་བཤུལ་ལམ་ལ་ཕྱིར་འདང་རེ་བགྱིས་ན། ཕ་མཆོག་སྤྲེའུ་བྱང་ཆུབ་སེམས་དཔའི་བྱིན་རླབས་ཀྱིས་ཚངས་སྲས་བཞད་པའི་ལྷན་སྐྱེས་ཀྱི་སྐད་ངག་བསྩལ་ཞིང་། མ་མཛངས་བྲག་གི་སྲིན་མོས་རྒྱུད་དྲུག་སྒྲ་ལ་དུང་བའི་སྙན་མོའི་དབྱངས་རྟ་གཏོར་ནས། འཇིག་རྟེན་གྱི་ཐོབ་ཤོར་དང་ཀུན་སྨོན་སྙན་གྲགས་རྩོད་པའི་བརྩེ་ལྡན་དམ་པ་ཞིག་ཏུ་བལྟམས་ལ། ཁྱེད་རང་འཇིག་རྟེན་འདིའི་དཔལ་དུ་བཞད་ཅིང་། སྐྱེ་དགུའི་གསོས་སུ་སྨིན་པ་ནས་བཟུང་། ཁྱེད་ཀྱིས་རང་དོན་ཡེ་ནས་བསྐྱུར་ཏེ། གཞན་དོན་ཕྲག་ཏུ་ཁུར་ནས་རང་ལུས་འོད་དུ་འཚེར་བའི་ཉི་མ་བཞིན་དུ་འཇིག་རྟེན་སྣང་བས་ཁྱབ་པར་བྱས་མོད། འོན་ཀྱང་གློ་བུར་བའི་རྐྱེན་ངན་བར་ཆད་ཅིག་གིས་ཁྱེད་རང་འདི་ལྟར་གཟིམ་དགོས་བྱུང་སོང་། 
  ང་རང་ནར་མ་སོན་པའི་ལོ་ཟླའི་གསེང་ནས། གསེར་ལྡན་མའི་གོས་བཟང་ལ་དབུ་ཁྱུད་འབྲི་དུས། ཁ་བས་ཡོངས་སུ་བཅིངས་པའི་ཀེ་ལ་ཤའི་རྒྱབ་རོགས་ཤིག་མངོན་བྱུང་། དུས་དེ་ནས་བཟུང་། ཀུན་གསལ་གྱིས་བཏེགས་པའི་འོད་མདངས་ཤིག་གིས། ལོ་རྒྱུས་ཀྱི་རི་ཀླུང་གཉིད་ལས་དཀྲོགས་ལ། རྟ་ཕོའི་རྨིག་སྒྲ་ལྷང་ལྷང་སྒྲོག དེ་ནི་ཁྱེད་ཀྱི་བློ་སྤོབས་དང་ཕུགས་འདུན་གླེང་བའི་རྨི་ལམ་དྲོན་མོ་ཡིན་སོང་། རྒྱང་བཞུད་ཀྱི་ལམ་དུ། བསམ་མེད་ཀྱི་བྱིས་པའི་དུས་ཚོད་རིམ་གྱིས་འདས་ཏེ་ལང་ཚོའི་ལྗོན་པ་ཡུན་གྱིས་རྒྱས་པའི་དུས་ནས། ཁྱེད་ཀྱི་སྙན་ཞིང་འཇེབས་པའི་གླུ་སྐད་དཔྱིད་ཀྱི་ཕོ་ཉ་ལ་འགྲན་ཞིང་། ལྗང་མདོག་གིས་གཏམས་པའི་ནེའུ་གསེང་གི་གཞི་རུ་དུངས་ཞེན་ལ་བརྒྱུས་པའི་མེས་པོའི་དབྱངས་རྟ་རེ་རེ་རྒྱུད་དྲུག་པི་ཝང་གི་འགྲོས་དང་ལྷན་དུ་ཁ་བ་རི་བོའི་ནང་མི་སྤུན་ཟླ་ཚོའི་སེམས་ངལ་གསོ་བའི་གསོས་སུ་སྨིན། སྟོད་ཕྱོགས་འབྲོག་པའི་རྟ་ཕོའི་གོང་ཁ་ན་ཁྱེད་ཀྱི་གླུ་སྐད་དྲི་བཞོན་རླུང་དང་བསྡེབས་ནས་རྩྭ་རང་གི་ཕང་བར་འཁྱིལ་ཞིང། སྨད་ཕྱོགས་རོང་བའི་ཞིང་ཁ་ན་ཁྱོད་ཀྱི་གླུ་སྐད་སྦྲང་ཆར་གྱི་ཟོལ་དུ་བབས་མྱོང་། 
  ཁྱེད་རང་སྒྱུ་རྩལ་གྱི་ལམ་སྣར་ཞུགས་པའི་ཉིན་མོ་དེ་ནས་བཟུང་། ཁྱེད་ཀྱིས་རིགས་ཞེན་གྱི་མགོ་བོ་ཡར་ལ་དགྱེ་སྟེ། སྤོབས་པ་དང་སྙིང་སྟོབས་ཀྱིས་གྱེར་བའི་གླུ་ངག་རེ་རེ་ནི་ང་ཚོ་རྒྱང་བསྐྱོད་ཀྱི་ལམ་བུར་འཕྲད་པའི་གཡུལ་ལོ་རྒྱས་པའི་ལྗོན་པ་རེ་རེ་དང་འདྲ་བར་། རེ་བའི་གྲིབ་བསིལ་སྣུམ་པོ་ཕངས་མེད་དུ་སྦྱིན་མྱོང་། ལྷག་པར་དུ། ཁྱེད་དང་ཁྱེད་འདྲ་བའི་མི་བུ་གང་མང་ཞིག་གིས་ཤ་རུས་གདུང་རྒྱུད་གཅིག་པའི་ཁ་བ་བོད་པ་ཚང་གི་འབྱུང་འགྱུར་ལ་མིག་གིས་གཟིགས་ཤིང་སེམས་ཀྱི་འཚོས་མྱོང་།
  ཁྱེད་ཀྱི་བླ་མེད་ཀྱི་མཛད་རྗེས་རེ་་རེ་ང་ཚོའི་སེམས་ཁོང་ན་རྟག་བརྟན་གྱི་ངོ་བོར་གྲུབ་ཚར་ཞིང་། གངས་རིའི་འབྱུང་འགྱུར་གྱི་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་པའི་རིགས་ཞེན་གྱི་མི་ཞིག་ཡིན་པ་གཞི་ནས་རྟོགས་བྱུང་། དུས་དེ་ནས་བཟུང་ཁྱེད་རང་ནམ་ཡང་ངའི་དམར་ཆུང་སྙིང་ཁོང་དུ་སྒོམ་བཞིན་པའི་བྱང་ཆུབ་སེམས་དཔའ་དེ་ཡིན།
   རེད་ཡ། ཁྱེད་ནི་སྡུག་བསྔལ་ཁྲོད་ཀྱི་ཤ་ཚའི་སྙིང་གཏམ་བརྗོད་མཁན་དེ་ཡིན་ལ། ཁྱེད་ནི་དཀའ་སྡུག་ཁྲོད་ཀྱི་བདེ་སྐྱིད་ངོ་མ་བསྐྲུན་མཁན་དེ་ཡིན། སྐུ་དྲིན་ཆེ། ཁྱེད་ཀྱིས་གླུ་ངག་སྙན་མོ་བསྐྱུར་ཏེ་འཇིག་རྟེན་གཞན་ལ་འགྲིམ་པ་ང་ཚོས་ལེ་གདའ་དང་འཁང་ར་གཏན་ནས་བརྗོད་མི་སྤོབས་ཏེ། ཁྱེད་ཀྱིས་ང་ཚོར་གནང་བ་མང་དྲགས་སོང་། ཁྱེད་ཀྱི་སྒྱུ་རྩལ་གྱི་ལྡུམ་རར་བཞག་པ་ཀུན་ལས་འཕགས། དམ་པ་ལགས། ཁྱེད་རང་ང་ཚོའི་སེམས་ནས་རྟག་བརྟན་གྱི་རྡོ་རིང་བཞིན་དུ་ཡལ་བ་མེད། བདེ་བར་བཞུད། ཁུ་བྱུག་ལགས། སླར་ཡང་ཁྱེད་དང་མཉམ་པའི་སྐྱེས་ཆེན་ཞིག་འཁྲུངས་པར་གསོལ་འདེབས་སྙིང་ནས་ཞུའོ།།
མཐོ་འབྲིང་དང་བོའི་འཛིན་གྲྭ་དྲུག་པ། སྙིང་དཀར་ཚེ་རིང་།