དཔེ་ཆ་ཀློག་པས་མི་ཚེ་དོན་དང་ལྡན།
藏文报
作者:
新闻 时间:2016年08月27日 来源:藏文报
ང་ཚོ་འཇིག་རྟེན་ལ་ཡོང་བར་རྒྱུ་མང་བོའི་སྔོན་འགྲོ་དང་ཕ་མའི་བཀའ་དྲིན་ལ་བསྟེན་ཞིང་། མི་ཚེ་ལམ་བུར་ཟབ་ཞུགས་བྱེད་པར་ཡང་བྱ་དངོས་གང་མང་ལ་བསྟེན་ཞིང་འབྲེལ་ལ། འབྲེལ་འདོད་པའི་མི་བུ་ཞིག་སྲིད་ན་ཡོད་མི་ངེས་པས། དེ་ལྟར་འགྲུབ་པར་བྱེད་པའི་ཐབས་ལམ་ཆེས་ལེགས་ཤོས་ནི་རང་ཉིད་ཀྱིས་དཔེ་དེབ་ཏུ་མར་རྒྱབ་རྟེན་བཅོལ་རྒྱུ་དེ་རེད།
ཏག་ཏག་འཛམ་གླིང་སྒང་གི་སྐྱེས་ཆེན་རྣམས་ལ་མཚོན་ན་ཡང་། རང་ཉིད་ཀྱི་མི་ཚེ་དཔེ་ཆར་བཅོལ་ཞིང་མཐའ་མཇུག་གསེར་ལས་ལྷག་པའི་རྣམ་དཔྱོད་ལས་འཁྲུངས་པའི་བོད་ཀྱི་དམ་པ་དག ཤེས་རིག་ཁམས་ལ་གཏོར་ཞིང་མི་ཡི་ཡུལ་དུ་སྐྱེས་སུ་ཕུལ། ཁོང་ཅག་གི་བྱུང་བས་ད་གཟོད་ང་ཚོ་ལ་འོད་སྣང་སྦྱིན་སོང་། རྔམ་མཐུག་ལ་བོངས་ཆེ་བའམ་སྲབ་ཅིང་ཡང་བའི་དཔེ་དེབ་གང་ཡིན་ཡང་། དེ་དག་གི་ཁྲོད་དུ་འུ་ཅག་དང་རིང་དུ་བྲལ་བའི་རླབས་ཆེན་གྱི་སྐྱེ་བོ་དག་གི་རང་རྣམ་ངོ་མ་བཞུགས་ཡོད། དཔེ་ཆ་བཟང་བོ་ཞིག་ཀློག་པ་ནི་རླབས་ཆེན་གྱི་མི་སྣ་ཞིག་དང་ཁ་བརྡ་བྱེད་པ་དང་འདྲ་ཞེས་པ་བཞིན། འཇིག་རྟེན་འདི་ནས་ཆེས་གོང་སླ་ཞིང་ཆེས་རིན་ཐང་ཅན་གྱི་ནོར་བུ་ཞིག་འདོད་པ་ནི་དཔེ་ཆ་ཡིན་ལ། ཆེས་སྤྲོ་སྣང་ལྡན་ཞིང་དོན་སྙིང་ཅན་ཞིག་བསྒྲུབ་འདོད་པ་ནི་དཔེ་ཆ་ཀློག་རྒྱུ་རང་རེད། དེར་མ་ཟད་ང་ཚོའི་ནང་སེམས་ལྟ་བས་མཆོག་མི་ཤེས་པའི་མཛེས་རིས་ཤིག་ཏུ་བློས་བསླངས་བྱེད་མཁན་ནམ། ཀླད་སྙིང་དེ་ཀུན་འཇོན་གྱི་ཡོ་བྱད་ཞིག་ཏུ་བསྐྲུན་བྱེད་ཀྱང་དཔེ་དེབ་དག་ཅི་ལ་མིན།
དཔེ་ཆ་ནི་འགན་འཁྲི་ཞིག་མ་རེད། དེ་ནི་ཁེ་དབང་ཞིག་རེད། ཅེས་པ་ལྟར་ང་ཚོས་ཅིས་ཀྱང་ཐོབ་ཡོད་པའི་ཁེ་དབང་འདི་ལོངས་སུ་སྤྱོད་པར་བྱ་སྟེ། མིན་ན་ཁེ་དབང་ཁེ་དབང་ཞེས་ཅི་འདྲ་ལབ་ཀྱང་དེ་ནི་སྟོང་ལབ་རྐྱང་རྐྱང་ཞིག་ལས་མ་འདས། དེ་ལས་ཀྱང་མི་ཚེ་དོན་ལྡན་བྱེད་འདོད་ན་དཔེ་ཀློག་ནི་ང་ཚོའི་དགའ་ཕྱོགས་དང་གོམས་གཤིས་སུ་ཆགས་པར་བྱེད་ཅིང་། རང་གིས་བལྟ་འདོད་ཡོད་ལ་རིན་ཐང་ཡོད་པ། དགའ་ཕྱོགས་སོགས་ཀྱི་སྐོར་ཀློག་རྒྱུ་དེ་བས་གཙོ། དེ་ནི་ཡོངས་ཁྱབ་ཀྱི་རིན་ཐང་ཞིག་ཀྱང་རེད། དཔེ་ཆ་ཡིས་ང་ཚོ་རྨོངས་པ་ལས་གྲོལ་ཞིང་བློ་གྲོས་བསྐྱེད། སེམས་ཀྱི་སྡུག་བསྔལ་དང་མ་རིག་པ། མ་ཤེས་པ་ཡོད་ཚད་གསལ་བར་བྱེད་ངེས། དཔེ་ཆ་ཀློག་པས་ལུས་སེམས་གཉིས་ཀ་དང་། རང་གཞན་གཉིས་ཀ ཕྱི་ནང་གཉིས་ཀ་བཅས་ཕུན་སུམ་ཚོགས་པར་གཏོང་། དཔེ་ཆ་ནི་དོན་དམ་པའི་འཇིག་རྟེན་གྱི་འོད་སྣང་གཉིས་པ་དང་ཆེས་རྩི་བཅུད་འཛོམས་པའི་རྒྱགས་ཕྱེ་ཞིག་ཡིན་ཨང་། ག་དུས་ཡིན་ཡང་དཔེ་ཆ་ཀློག་པར་མི་དགའ་བའི་མི་ནི་མིག་རྒྱ་ཐུང་ཞིང་། དཔེ་ཆ་ཀློག་པའི་གོམས་གཤིས་འཇགས་མེད་པའི་མིའི་རིགས་ནི་རེ་བ་དང་མདུན་ལམ་དབེན་ནོ།
ཤེས་ལྡན་པའམ་ཡིག་ངོ་ཆོད་པའི་མི་བུ་དག་ལ་མཚོན་ན་དཔེ་ཀློག་ནི་ཆེས་ལེགས་པའི་ངལ་གསོའི་བྱ་ཐབས་ཤིག་དང་རང་ཉིད་འགྱུར་བ་གཏོང་བྱེད་ཅིག་ཡིན། དཔེ་དེབ་རེ་གཉིས་བཀླགས་པས་རང་ཉིད་ཀྱི་འཕེལ་རྒྱས་ཚོར་མི་ཐུབ་རུང་། གསུམ་བཞི་བཀླགས་པས་རང་ཉིད་ལ་འཕེལ་རྒྱས་བྱུང་བ་མངོན་གསལ་དོད་པོས་ཤེས། དེ་ཡང་དཔེ་དེབ་ཚད་ལྡན་དང་བཟང་བོ་ཞིག་འདེམ་རྒྱུ་དེ་ཐོག་མའི་ཆ་རྐྱེན་ཡིན། གལ་ཏེ་ཁྱོད་ཀྱི་ལྟ་སྟངས་ལེགས་ན་དཔེ་ཆ་ནི་གཅེས་པའི་གཏན་གྲོགས་དང་རིན་དོད་ཀྱི་ནོར་བུ་དེ་ཡང་ཡིན་ངེས་ལ། ཡི་གེའི་ཕྲེང་ཚོགས་རེ་རེ་ལ་གཟིགས་པ་ནི་འཛམ་གླིང་གི་སྐྱེས་ཆེན་དག་གི་སློབ་ཁྲིད་ལ་ཉན་པ་དང་ཅིས་མི་མཚུངས། དཔེ་ཆ་ནི་ས་བོན་རྡོག་རེ་དང་འདྲ་ལ། རང་ཉིད་ཀྱི་ནང་སེམས་དང་ཀླད་སྙིང་ནི་ས་ཞིང་གཤིན་པོ་ཞིག་དང་འདྲ། གལ་ཏེ་རིག་པའི་ཞིང་ཐང་དེ་ལ་རེ་བཞག་གི་ས་བོན་རེ་བཏབ་ན་རྟོགས་པ་སད་ཅིང་། རྒྱང་རིང་ལ་ཁོད་ཡངས་པའི་ལམ་ཆེན་ཞིག་ལ་ངང་ངམ་ཤུགས་ཀྱིས་སྤོ་བར་བྱེད་སྲིད། དེ་ལས་ལྡོག་ན་ས་ཞིང་གཤིན་པོ་དེར་རྩྭ་ལྡུམ་ཕོན་ཆེན་པོ་ཞིག་སྐྱེས་པར་གདོན་མི་ཟ། གཞན་དཔེ་ཀློག་ལ་མི་དགའ་ཞིང་དཔེ་ཀློག་མི་བྱེད་པའི་མི་བུ་དག་གི་སེམས་ཁམས་ནམ་ཡང་ཁོང་ཁྲོ་དང་སྡུག་བསྔལ། ཁེངས་དྲགས། འཇིགས་སྐྲག རྨོངས་ཚོད། ང་རྒྱལ། རང་རློམ་སོགས་ཀྱིས་མནར་ཡོད་ཤག་ཡིན། ཁོ་ཚོ་ལ་དུས་ནམ་ཡང་གུ་ཡངས་དང་དཀའ་ངལ་ཐག་གཅོད། རང་གཅུན་རང་སྡོམ་སོགས་ཀྱི་ཡང་དག་གི་གདམ་པ་ཞིག་ཐོབ་མ་མྱོང་བས་རེད། ང་ཚོས་རང་ཉིད་ཉོན་མོངས་དུག་གསུམ་ལས་གྲོལ་བར་བྱེད་ན་དཔེ་ཀློག་ནི་ཆེས་ལེགས་པའི་གདམ་ཀ་ཡིན་ལ། གཞན་དབང་ལས་གྲོལ་བའི་ཆེས་ལེགས་པའི་སྐྱོབ་ཐག་ཡིན།
དཔེ་ཀློག་གིས་འོད་ཀྱི་ལམ་བུ་རྙེད་ཅིང་། དཔེ་ཆ་ཀློག་པ་ནི་ཆེས་དོན་དང་ལྡན་པའི་བྱ་བ་ཡིན། དཔེ་ཆས་ང་ཚོ་སྐྱོབ་པར་ནུས་ལ། རྐང་གཉིས་མི་སྐད་སྨྲ་བའི་བྱོལ་སོང་གི་ལོ་རྒྱུས་ལས་གྲོལ་བར་བྱེད་དོ།།
མཐོ་འབྲིང་དང་བོའི་འཛིན་གྲྭ་གསུམ་པ། གཙང་བཀྲ་ཤིས་དོན་གྲུབ།