本版导航 各版导航 视觉导航 标题导航 以往报纸

2017ལོའི་རྒྱལ་ཁབ་ཀྱི་རྒྱུགས་ལེན་ཟླ་འདིའི་ཚེས 15ཉིན་ནས་ མིང་འགོད་པ་དང་ཀན་སུའུ་ཡིས་ལས་མི 471བསྡུ་རྒྱུ་ཡིན་པ།

藏文报 新闻    时间:2016年10月22日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)2017ལོའི་རྒྱལ་ཁབ་རྒྱུགས་ལེན་གྱི་ཡོལ་བ་ཆེན་མོ་ཕྱེས། ཚེས 13ཉིན་ལ། 《ཀྲུང་དབྱང་ལས་ཁུངས་དང་ཐད་གཏོགས་སྡེ་ཚན་གྱི 2017ལོའི་སྤྱི་ཞབས་པ་བསྡུ་བའི་སྤྱི་བསྒྲགས》སྤེལ། རྒྱལ་ཁབ་ཀྱི་རྒྱུགས་ལེན་དྲ་ཐོག་ནས་མིང་འགོད་པ་ཟླ་འདིའི་ཚེས 15ཉིན་ནས་འགོ་བརྩམས་པ་དང་། ཚེས 24ཉིན་མིང་འགོད་མཚམས་འཇོག་རྒྱུ་ཡིན། ཟླ 11པའི་ཚེས 27ཉིན་ནས་སྤྱི་བའི་སློབ་ཚན་གྱི་རྒྱུགས་ལེན་རྒྱུ་ཡིན། ཀྲུང་དབྱང་གི་ལས་ཁུངས་དང་ཐད་གཏོགས་སྡེ་ཚན 120ཡི་སྤྱི་ཞབས་པའི་བཅའ་ཁྲིམས་ལ་དཔེ་བླངས་ནས་དོ་དམ་བྱེད་པའི་སྡེ་ཚན་གྱིས་ལས་མི་ཁྲི 2.7བསྡུ་རྩིས་ཡོད་ལ། ན་ནིང་ལོའི་བསྡུ་ཚད་དང་འདྲ་མཉམ་ཡིན།
    ཐེངས་འདིའི་རྒྱལ་ཁབ་ཀྱི་རྒྱུགས་ལེན་ནི་མཐའ་འཁོབ་ས་ཁུལ་གྱི་སྤྱི་ཞབས་པར་ཕྱོགས་མང་བོ་ནས་ཞུགས་དཀའ་བའི་གནད་དོན་མངོན་གསལ་ཇེ་ཉུང་དུ་གཏོང་རྒྱུ་དང་། ཆ་རྐྱེན་ཞན་པའི་མཐའ་འཁོབ་ས་ཁུལ་གྱི་ཀྲུང་དབྱང་ལས་ཁུངས་ཀྱི་ཐད་གཏོགས་སྡེ་ཚན་གྱི་རྫོང་རིམ་པ་མན་ཆད་ཀྱི་ལས་གནས་ལ་རྒྱུགས་སྤྲོད་མཁན་གྱི་ཡོན་ཚད་ཐད་ཀྱི་བླང་བྱ་དང་ཆེད་ལས་ཐད་ཀྱི་བླང་བྱ། རྒྱུགས་ཀྱི་སྐར་གྲངས་བཅས་ཀྱི་ཐད་ཀྱི་བླང་བྱ་འོས་འཚམ་གྱིས་ཇེ་དམར་བཏང་། 
    རྒྱུས་ལོན་བྱུང་བ་ལྟར་ན། ཆ་རྐྱེན་ཞན་པའི་མཐའ་འཁོབ་ས་ཁུལ་གྱི་ལས་གནས་ཀྱི་ཡོན་ཚད་ཐད་ཀྱི་བླང་བྱ་དེ་ཆེས་དམའ་ན་མཐོ་འབྲིང་དང་འབྲིང་རིམ་སློབ་གྲྭའི་ཡོན་ཚད་ཡིན་ཡང་ཆོག་པ་དང་། དེ་ལས་གཞན་པའི་ས་ཁུལ་དུ་ཆ་སྙོམས་ཆེད་གཉེར་སློབ་ཆེན་ཡན་ཆད་ཀྱི་ཡོན་ཚད་དགོས་ཀྱི་ཡོད།
    ཐེངས་འདིའི་རྒྱུགས་ལེན་ཁྲོད་དུ་ཀན་སུའུ་ཡི་སྡེ་ཚན 18ཀྱིས་ལས་མི་བསྡུ་རྒྱུ་ཡིན་ལ། ལས་གནས 283འདོན་སྤྲོད་བྱས་ནས་བསྡོམས་པས་ལས་མི 471བསྡུ་རྒྱུ་ཡིན། 2016ལོའི་རྒྱལ་ཁབ་རྒྱུགས་ལེན་གྱི་ཀན་སུའུ་ས་ཁུལ་གྱི་བསྡུས་པའི་མི་གྲངས་ལས་མི 289ཇེ་ཉུང་དུ་སོང་བ་དང་། ཐེངས་འདིའི་རྒྱུགས་ལེན་ཁྲོད་ཀན་སུའུ་རྒྱལ་ཁྲལ་ཅུས་ཀྱིས་ལས་མི 280བསྡུ་རྒྱུ་ཡིན་ལ། ཀན་སུའུ་ས་ཁུལ་གྱི་ལས་མི་བསྡུ་བའི་ཚད 59%  ཟིན། ཀྲུང་གོའི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཀན་སུའུ་ལྟ་སྐུལ་དོ་དམ་ཅུས་དང་ལན་ཀྲོའུ་ལྕགས་ལམ་ཅུས། ཀན་སུའུ་ཞིང་ཆེན་གནམ་གཤིས་ཅུས་སོགས་སྡེ་ཚན་དག་གིས་བསྡུ་རྒྱུའི་ལས་མིའི་གྲངས་ཀ་དེའི་རྗེས་སུ་མཐུད་ནས་ཡོད།།