འུད་ཤོབ་བྱེད་པར་དགའ་བའི་
པཱ་འར་པཱའོ་སི།
ནཱའོ་སོ་ཧྥུ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་བསོད་ནམས་ཀྱིས་བསྒྱུར།
藏文报
作者:
新闻 时间:2016年10月22日 来源:藏文报
ཨ་མྱེས་རྒན་པོ་ཞིག་གིས་རང་ཁྱིམ་དུ་ཁྱི་ཕྲུག་ཅིག་དང་ཞི་ལ་ཆུངཆུང་ཞིག་གསོས་ཡོད། ཁྱི་ཕྲུག་གི་མིང་ལ་པཱ་འར་པཱའོ་སི་དང་ཞིམ་ཕྲུག་གི་མིང་ལ་བཱ་ཞི་ཁཱ་ཟེར་ཞིང་ཁོ་གཉིས་ནི་གྲོགས་པོ་བཟང་བོ་ཡིན། དུས་རྒྱུན་ཨ་མྱེས་རྒན་པོ་ལས་ཚོགས་སུ་སོང་རྗེས། ཁྱི་ཕྲུག་པཱ་འར་པཱའོ་སི་ཁྱིམ་སྲོང་དུ་སྡོད་པ་དང་ཞིམ་ཕྲུག་བཱ་ཞི་ཁཱ་ཙི་གུ་འཛིན་པར་འགྲོ་བ་ཡིན།
ཉིན་ཞིག་ཨ་མྱེས་རྒན་པོ་ལས་ཚོགས་སུ་ཞུགས་ཤིང་ཞི་ལ་ཆུང་ཆུང་ཡང་ཕྱི་རོལ་ཏུ་རྩེ་རུ་སོང་། ཁྱི་ཕྲུག་པཱ་འར་པཱའོ་སི་གཅིག་པུ་ཁྱིམ་དུ་བསྡད་ཡོད་ལ་ཁོ་རང་ཁོམ་དྲག་སྟབས་ཁེར་རྐྱང་གི་ཚོར་བ་ཞིག་སྐྱེས་བྱུང་། དེ་ནས་ཁོ་སྒེའུ་སྟེགས་སྟེང་མཆོང་ནས་ཕྱི་རོལ་ཏུ་རྒྱང་ལྟ་བྱས། སྐབས་དེར་པཱ་འར་པཱའོ་སིས་དུས་རྒྱུན་ཁོ་དང་མཉམ་དུ་རྩེ་བའི་གྲོགས་པོ་པཱ་པི་ཁི་སྲང་ལམ་དུ་ཡོང་བཞིན་པ་མཐོང་། དེ་ནས་སྤྲོ་སེམས་འཁོལ་བའི་ངང་ནས་ཁོའི་ཕྱོགས་སུ་ཁ་གཏད་དེ་“ཝ་ཡེ། པཱ་པི་ཁི་ཁྱོད་འཚབ་འཚུབ་ངང་གང་ཞིག་ལ་འགྲོ་འམ”ཞེས་ངོ་ཤེས་བྱས། པཱ་པི་ཁིས་“ང་གང་དུའང་མི་འགྲོ རང་འགར་འཆམ་འཆམ་ཙམ་བྱེད་པ་ཡིན། ཁྱོས་ཁྱིམ་སྲུང་ནས་ཅི་བྱེད། ངེད་གཉིས་ཕྱི་རོལ་ཏུ་འཆམ་འཆམ་དུ་འགྲོ་རེད།”“དེ་མི་ཆོག་ཡ། ཨ་མྱེ་རྒན་པོས་ང་ལ་ཁྱིམ་སྲུང་དགོས་པའི་བཀའ་ཕབ་ཡོད། ཁྱོད་ངའི་ཁྱིམ་དུ་རྩེ་རུ་ཤོག”“མི་གཞན་པས་ང་རང་ཕྱི་རུ་མི་ཕུད་དམ།”“སྐྱོན་མེད། ད་ལྟ་ཁྱིམ་དུ་མི་གཅིག་ཀྱང་མེད། ཁྱོད་ཐད་ཀར་སྒེའུ་ཁུང་ལས་འཛུལ་ཤོག”
པཱ་པི་ཁི་སྒེའུ་ཁུང་ལས་འཛུལ་ཏེ་ཁྱིམ་དུ་ཐོན་རྗེས་ཡ་མཚར་བའི་མིག་ཟུང་གཉིས་ཀྱིས་ཁང་བའི་ནང་གི་ཅ་ལག་མཐའ་དག་ལ་ཞིབ་ལྟ་ཞིག་བྱས་ཏེ་པཱ་འར་པཱའོ་སིར་བཤད་རྒྱུར་“ཁྱོད་ཁང་བའི་ནང་དུ་སྡོད་ཐུབ་པ་ནི་ངོ་མ་ཡག་པོ་འདུག ང་ཁྱི་ཁང་ཁོ་ན་རུ་སྡོད་པ་ཁྱོས་ཤེས་པ་མ་རེད། ཁྱི་ཁང་ཆུང་ཞིང་དོག་པས་དབུགས་ཀྱང་ལེན་དཀའ་ལ་ཁང་ཀླད་ནས་ད་དུང་ཆུ་ཐིགས་ཀྱང་ཟགས་པས་ཆ་རྐྱེན་ཧ་ཅང་ཞན།”“ངའི་ཆ་རྐྱེན་ངོ་མ་མི་བཟང་རྒྱུ་མེད། བར་བཀག་གཉིས་སྦྲེལ་ཅན་གྱི་ཁང་བ་ཡིན་ཞིང་བར་ཕྱི་ཐབ་ཚང་དང་ཁྲུས་ཁང་ཡིན། ད་དུང་ང་རང་གང་འདོད་ལྟར་སྡོད་ཆོག”ཅེས་པཱ་འར་པཱའོ་སིས་ཡིད་ཚིམ་པའི་ངང་ནས་བཤད། དེ་ལྟར་པཱ་པི་ཁི་འདྲ་མཉམ་མིན་པར་ཁོང་ཁྲོ་ཆེན་པོ་ལངས་ཏེ་བཤད་རྒྱུར“ངའི་བདག་པོས་ཐ་ན་ང་རང་ཚོམས་ཁང་དུ་ཡང་ཡོང་དུ་མི་འཇུག ཁོ་ཚོས་བཤད་ན་ང་ནི་སྒོ་ཁྱི་ཡིན་པས་ཁྱི་ཁང་དུ་བསྡད་ན་འཚམ་ཟེར། ཐེངས་ཤིག་ང་རང་ཁོ་ཚོའི་ཁང་བའི་ནང་དུ་ཧོབ་འཛུལ་བྱས། དོན་དག་ཅི་བྱུང་བ་ཁྱོད་ཀྱིས་ཤེས་སམ། ཁོ་ཚོས་ངའི་མིང་ནས་བཟུང་སྟེ་སྐད་ལོག་བྱས་པ་མ་ཟད་ད་དུང་དབྱུག་པ་འཕྱར་ཏེ་ངའི་སྒལ་གཞུང་ལ་བརྒྱབ།”པཱ་པི་ཁིས་སྡེར་མོས་མགོ་བོ་འཕྲུག་ཙམ་བྱས་ཤིང་གྱང་འགེལ་ཆུ་ཚོད་འཁོར་ལོ་ཞིག་གྱང་ངོས་སུ་བཀལ་ཡོད་པ་མཐོང་། “གྱང་ངོས་སུ་བཀལ་ཡོད་པའི་དངོས་པོ་དེ་ཅི་ཞིག་རེད། ཅིའི་ཕྱིར་དིང་སྒྲ་གྲགས་ནས་མཚམས་མི་འཇོག་པ་ཡིན། དེའི་འོག་ཏུ་དཔྱངས་པའི་དངོས་པོ་དེ་ད་དུང་གཡོ་འགུལ་བྱེད་ཀྱི་ཡོད་པ་ཅི་ཡིན་ནམ།”ཞེས་པཱ་འར་པཱའོ་སིར་དྲི་བ་དྲིས་བྱུང་། “ཁྱོས་དངོས་པོ་འདི་ངོ་མ་མཐོང་མ་མྱོང་ངམ། འདི་གྱང་འགེལ་ཆུ་ཚོད་འཁོར་ལོ་རེད།”ཅེས་ལན་བཏབ།“མཐོང་མ་མྱོང་། གྱང་འགེལ་ཆུ་ཚོད་འཁོར་ལོ་བཀོལ་ནས་ཅི་བྱེད་དམ།”པཱ་འར་པཱའོ་སི་རང་ཉིད་ཀྱིས་ཀྱང་གསལ་བོ་ཞིག་མི་ཤེས་མོད། འོན་ཀྱང་ཁོར་ད་དུང་གླེང་འདོད་རབ་ཏུ་འཕེལ་ཏེ་པཱ་པི་ཁིར་གྱང་འགེལ་ཆུ་ཚོད་འཁོར་ལོ་ངོ་སྤྲོད་བྱས་བྱུང་། “གྱང་འགེལ་ཆུ་ཚོད་འཁོར་ལོ་ནི་མི་སྡོད་འགུལ་སྐྱོད་བྱེད་པའི་དངོས་པོ་ཞིག་ཡིན།”“དངོས་པོ་འདིར་རྐང་བ་མེད་པས་ཅི་ལྟར་འགུལ་སྐྱོད་བྱེད་དམ། དེ་འགྲིག་གི་མ་རེད།”ཞེས་པཱ་པི་ཁིས་དོགས་འདྲི་བྱས།“ཨ་ཡ། མི་རྣམས་ཀྱིས་དེ་ལྟར་བརྗོད་ཀྱི་ཡོད་པ་ཙམ་རེད་། ཁོ་ཚོས་འགུལ་སྐྱོད་ཅེས་བཤད་ན་ཡང་དོན་ངོ་མར་ཕར་གཡོ་ཚུར་གཡོ་དང་ཡང་ན་དུས་ལྟར་རྡོག་ཆས་རྒྱག་པ་དེ་ཡིན།”“ཨ། གྱང་འགེལ་ཆུ་ཚོད་འཁོར་ལོས་རྒྱག་རེས་བྱེད་ཤེས་པ་རེད་དམ།”“མ་རེད། གྱང་འགེལ་ཆུ་ཚོད་འཁོར་ལོས་རྒྱག་རེས་བྱེད་ག་ལ་ཤེས། ངས་རྡོག་ཆས་རྒྱག་པ་ཞེས་བཤད་ནི་ཡིན”“རྡོག་ཆས་རྒྱག་པ་ཞེས་པ་ནི་ཅི་ཞིག་རེད།”“དིང་དིང་ཞེས་གྲགས་པའི་སྒྲ་དེ་རེད།”“ཁྱོས་སྔོན་ནས་དེ་ལྟར་བཤད་ཡོད་རྒྱུ་ན་ངས་ཧ་གོ་ཡོད་ངེས་ཡིན།”སྐབས་དེར་པཱ་པི་ཁིས་ཅོག་ཙེའི་སྟེང་སོ་མང་ཞིག་ཡོད་པ་མཐོང་ནས་དྲི་བ་དྲིས་སོང་།“སོག་ལེ་དེ་ཅི་ཞིག་རེད།”“དེ་སོག་ལེ་མ་རེད། སོ་མང་རེད།”“དེར་བཀོལ་སྤྱོད་ཀྱི་ནུས་པ་ཅི་ཞིག་ཡོད”“ཨ་ཡ། ཁྱོས་ཐ་ན་སོ་མང་གི་བཀོལ་སྤྱོད་ནུས་པ་ཅི་ཡིན་པའང་ཤེས་ཀྱི་མེད་པས། འདི་ལྟར་རྒྱུན་པར་ཁྱི་ཁང་དུ་སྡོད་པ་དེ་ཐབས་ཤིག་མ་རེད་ཡ། སོ་མང་ཞེས་པ་ནི་སྐྲ་ཤད་པར་བཀོལ་བའི་ཡོ་བྱད་ཅིག་ཡིན།”“སྐྲ་ཇི་ལྟར་ཤད་དགོས་པ་ཡིན།”པཱ་འར་པཱའོ་སིས་སོ་མང་ལག་ཏུ་བཟུང་ནས་མགོ་སྐྲ་ཡོངས་སུ་ཐེངས་གཅིག་ཤད་དེ།“ལྟོས་དང་སྐྲ་འདི་ལྟར་ཤད་དགོས་པ་ཡིན། ཁྱོད་རང་ཡང་མེ་ལོང་གི་མདུན་དུ་སོང་ནས་ཚོད་ལྟ་ཞིག་བྱོས།”པཱ་པི་ཁིས་སོ་མང་བླངས་ཤིང་མེ་ལོང་ལས་གཟུགས་བརྙན་ཞིག་མཐོང་ནས“མེ་ལོང་དུ་ཁྱི་ཞིག་འདུག”ཅེས་ཤུབ་ཤུབ་ཏུ་སྨྲས།“དེ་ཁྱོད་རང་ཉིད་རེད།”ཞེས་པཱ་འར་པཱའོ་སི་སྐད་གདངས་མཐོན་པོས་བགད་བྱུང་།“དེ་ང་ཡིན་ག་ལ་སྲིད། ཁང་བའི་ནང་ཁྱི་གཞན་ཞིག་ཡོད་ཐག་ཆོད་རེད།”པཱ་འར་པཱའོ་སི་ཡང་མེ་ལོང་གི་མདུན་ཕྱོགས་སུ་ཡོང་ལ་སྐབས་དེར་པཱ་པི་ཁིས་མེ་ལོང་ལས་ཁྱི་གཉིས་མཐོང་སོང་། “ཨ་ལ། ད་ལྟ་མེ་ལོང་དུ་ཁྱི་གཉིས་འདུག”“རྫུན་གཏམ། དེ་ངེད་གཉིས་ཀྱི་གཟུགས་བརྙན་རེད། མེ་ལོང་ནང་གི་ཁྱི་གསོན་པོ་མིན་པ་ཧ་གོ་བྱུང་ངམ།”“ཡིན་མི་སྲིད། ཁོ་གཉིས་ཀྱང་འགུལ་གྱི་ཡོད་པ་མ་ཡིན་ནམ།”“ལྟས་ངན་ཁྱོད། ཞིབ་ལྟ་ཞིག་བྱོས་དང་དེ་ངེད་གཉིས་འགུལ་གྱི་ཡོད་པས་རེད། མཐོང་བྱུང་ངམ། དེ་གཉིས་ཀྱི་གཅིག་ང་དང་ཧ་ཅང་འདྲ་བོ་ཡོད།”“རེད། ཁྱོད་དང་ཨ་ན་མ་ན་རེད།”“གཞན་པ་དེ་ཁྱོད་ལ་འདྲ།”“ཆོག་གི་ཟེར་ན། ཁྱི་དེ་ཧ་ཅང་བཙོག་པོ་འདུག ལག་པ་གཉིས་ཀྱང་རྐྱང་ཐུབ་ཀྱི་མེད་ཚོད་ཡིན་ལ་མཐོང་བ་ཙམ་གྱིས་ཀྱང་སུན་པོ་བཟོ་བའི་ཁྱི་ཞིག་རེད།”“ཁྱོད་ཀྱི་ལག་པ་ཡང་དེ་བཞིན་རེད།”“ཡིན་མི་སྲིད། ཁྱོད་ཀྱིས་ང་ལ་རྫུན་ལབ་ཀྱི་ཡོད་པ་རེད། མེ་ལོང་དུ་ཁྱི་གཉིས་བཏང་ཡོད་ཐག་ཆོད་རེད།”པཱ་པི་ཁིས་བཤད་ཞོར་དུ་སོ་མང་བཟུང་ནས་སྐྲ་ཤད་འགོ་བརྩམས་ཞིང་། དགོད་ཞོར་དང་ཤད་ཞོར་བྱས།“ཁྱོས་ལྟོས་དང་། ལྟད་མོ་ཆེན་པོ་འདུག མེ་ལོང་ནང་གི་ལྟས་ངན་དེས་ཀྱང་སྐྲ་ཤད་བཞིན་ཡོད་པ་རེད།”པཱ་འར་པཱའོ་སིས་དཔུང་པ་གསིག་གསིག་ཅིག་བྱས་ཏེ་སོང་ལ། པཱ་པི་ཁིས་སྐྲ་ཤད་ཚར་ཞིང་སོ་མང་སྔར་གནས་སུ་བཞག དེ་ནས་པཱ་པི་ཁིས་པཱ་འར་པཱའོ་སི་ལ་བཤད་རྒྱུར།“ཁྱོའི་ཁང་བའི་ནང་དུ་ཡ་མཚན་ཅན་གྱི་དངོས་པོ་ངོ་མ་མི་ཉུང་གི གྱང་འགེལ་ཆུ་ཚོད་འཁོར་ལོ་དང་ཁྱི་ཡོད་པའི་མེ་ལོང་། མདོར་ན་ཡ་མཚན་ཅན་དག་དག་རེད།”“དེ་ཚོ་གླེང་རིན་ག་ལ་ཡོད། ངས་འདིར་ད་དུང་བརྙན་འཕྲིན་ཡོད།”ཅེས་པཱ་འར་པཱའོ་སིས་བརྙན་འཕྲིན་གྱི་ཕྱོགས་སུ་མཛུབ་སྟོན་བྱས།“དེ་ཅི་ཞིག་རེད།”“ཅི་བྱས་ཀྱང་ཆོག ངས་ཁྱོད་ལ་སྟོན།”བརྙན་འཕྲིན་ལས་གླུ་དབྱངས་ཀྱི་སྒྲ་གྲགས་ཤིང་ཁྱི་ཕྲུག་གཉིས་རྩེད་འཇོར་རོལ་ནས་ཁང་བའི་ནང་ཟང་ཟིང་དུ་བཏང་ལ། ཤུགས་ཟད་པའི་བར་དུ་ས་ལྡིང་གནམ་ལྡིང་བྱས་སོང།
“ང་ལྟོགས་ཀྱི་འདུག”པཱ་པི་ཁིས་དེ་ལྟར་ལབ་སོང་།“ཁྱོད་རང་སྡོད་དང་། ངས་ཁྱོད་ལ་ཟ་མ་ཞིག་ཁྱེར་ནས་ཡོང་།”ཞེས་པཱ་འར་པཱའོ་སིས་བཤད་མ་ཐག ཐབ་ཚང་དུ་སོང་ནས་ཤིང་ཏོག་སྡེར་མ་གང་དང་བག་ལེབ་ཆེན་པོ་ཞིག་བླངས་ཤིང་། ཁྱི་ཕྲུག་གཉིས་ཀྱིས་ཅོག་ཙེའི་སྟེང་བཞག་སྟེ་ཟ་ཞོར་དང་ལབ་ཞོར་བྱས་སོང་།“ཁྱོའི་འདིར་ཅི་ཡང་ཡོད་པས་འཚོ་བ་སྐྱིད་པོ་རོལ་འདུག”ཅེས་པཱ་པི་ཁིས་ཡིད་སྨོན་དང་བཅས་ཏེ་བཤད།“མི་ཆོག་རྒྱུ་མེད། ཅི་བྱེད་འདོད་ན་དེ་བྱས་ཆོག ཐ་ན་མལ་ཁྲིའི་སྟེང་དུ་ཉལ་ཡང་ཆོག”“ཨ་མྱེས་རྒན་པོས་ཁྱོད་ལ་སྡིགས་མོ་མི་བྱེད་དམ”མལ་ཁྲི་འདི་ང་རང་ཉིད་ཀྱི་ཡིན། ཁོས་ཅི་བྱེད་ཕོད་དམ།”“འོ་ན། ཨ་མྱེས་རྒན་པོ་གང་དུ་ཉལ་དགོས།”“གྱང་ཟུར་གྱི་ས་གདན་སྟེང་ཉལ་དགོས།”ཞེས་པཱ་འར་པཱའོ་སིས་རྫུན་བཤད་ཚར་བས་ཕྱིར་བསྡུ་ཐབས་ནི་མེད་སྟབས་མུ་མཐུད་དུ་རྫུན་མཇུག་མི་སྐྱོང་ཐབས་མེད་དུ་གྱུར།“ང་རང་མལ་ཁྲིའི་སྟེང་ཉལ་ན་ཆོག་གམ། ཚེ་འདིར་མལ་ཁྲིའི་སྟེང་ཐེངས་གཅིག་ཀྱང་ཉལ་ཐུབ་པ་མ་བྱུང་།”ཞེས་པཱ་པི་ཁིས་སྡུག་གཏམ་ལབ་བྱུང་།“ཆོག་གི ངེད་གཉིས་མལ་ཁྲིའི་སྟེང་དུ་སོང་ནས་ངལ་གསོ་ཞིག་བྱ།”ཞེས་པཱ་འར་པཱའོ་སིས་ཐད་ཀར་ཁས་ལེན་བྱས་སོང་། ཁྱི་ཕྲུག་གཉིས་མལ་ཁྲིའི་སྟེང་བསྡད་ཅིང་པཱ་པི་ཁིས་གྱང་ངོས་སུ་རྟ་ལྕག་ཅིག་བཀལ་ཡོད་པ་མཐོང་སོང་།“ལྕག་དེ་ཅི་ཞིག་ལ་བཀོལ་བ་ཡིན།”“ལྕག་དེ་ཨ་མྱེས་རྒན་པོར་གྲ་སྒྲིག་བྱས་པ་ཡིན་ལ། གལ་ཏེ་ཁོས་ངའི་ཁར་མི་ཉན་ཚེ་ལྕག་དེ་བཀོལ་ནས་བྲབ་པ་ཡིན།”ཞེས་པཱ་འར་པཱོ་སིས་མུ་མཐུད་དུ་འུད་ཤོབ་བྱས། “དེ་ངོ་མ་ཡག་པོ་འདུག”ཞེས་པཱ་པི་ཁིས་བསྟོད་ར་བྱས་སོང་། དྲོད་འཇམ་གྱི་ཉི་འོད་དེ་མལ་ཁྲིའི་སྟེང་དུ་བསྡད་ཡོད་པའི་ཁྱི་ཕྲུག་གཉིས་ཀྱི་སྟེང་དུ་འཕྲོས་ལ། ཅུང་མ་འགོར་བར་ཁོ་གཉིས་གཉིད་དུ་ཡུར་ཞིང་ཨ་མྱེས་རྒན་པོ་ལས་ཚོགས་གྲོལ་ནས་ཁྱིམ་དུ་ཐོན་པ་ཡང་མ་ཚོར། ཨ་མྱེས་རྒན་པོས་རང་གི་མལ་ཁྲིའི་སྟེང་དུ་ཁྱི་གཉིས་ཉལ་ཡོད་པ་མཐོང་སྟེ། གྱང་ངོས་སུ་བཀལ་བའི་ལྕག་དེ་བླངས་ནས་ཁོ་གཉིས་ལ་བྲབ།
པཱ་པི་ཁི་དངངས་སྐྲག་དང་བཅས་དེ་མ་ཐག་ཏུ་སྒེའུ་སྟེགས་ལས་མཆོང་ནས་རང་གི་ཁྱི་ཁང་དུ་བྲོས་ཤིང་། པཱ་འར་པཱའོ་སི་འདར་སིག་སིག་གིས་མལ་ཁྲིའི་འོག་ཏུ་མི་གཡོལ་ཐབས་མེད་དུ་གྱུར་ལ། ཨ་མྱེས་རྒན་པོས་དབྱུག་པས་ཅི་ལྟར་གཞུས་ཀྱང་ཁོ་ཕྱིར་མ་ཡོང་། ས་རུབ་སོང་། ཁོ་ད་དུང་མལ་ཁྲིའི་འོག་ཡིབ་ནས་བསྡད། མཚན་མོར་ཞི་ལ་ཆུང་ཆུང་བཱ་ཞི་ཁཱ་ཕྱིར་ལོག་ཅིང་ཨ་མྱེས་རྒན་པོས་ཁོར་ཤ་རྒྱུ་ཞིག་བགོས། པཱ་འར་པཱོ་སིས“ཨ་རོགས། བཱ་ཞི་ཁཱ། ཨ་མྱེས་རྒན་པོས་ང་ལ་རྟ་ལྕག་གིས་བྲབ་སོང་། རྐྱེན་གང་ཡིན་མ་ཤེས། ཁྱོས་ང་ལ་ཤ་རྒྱུ་དེ་ཅུང་ཙམ་བགོས་ན་ཨེ་ཆོག”ཞེས་བཱ་ཞི་ཁཱར་དེ་ལྟར་བཤད། བཱ་ཞི་ཁཱིས་ཤ་རྒྱུའི་ཕྱེད་ཀ་ཟོས་རྗེས་ལྷག་མའི་ཕྱེད་ཀ་དེ་མལ་ཁྲིའི་འོག་གི་པཱ་འར་པཱའོ་སིར་བྱིན།།