本版导航 各版导航 视觉导航 标题导航 以往报纸

བོད་ཀྱི་སྔ་རབས་དམ་པ་རྣམས་ཀྱི་གསུངས་ཆོས་ཕྱག་བྲིས་མ་རིན་ཆེན་གསེར་ཕྲེང་།

藏文报 新闻    时间:2016年10月22日    来源:藏文报

    ནང་དོན་གནད་བསྡུས།
    དུས་རབས་བདུན་པར་སངས་རྒྱས་ཆོས་ལུགས་བོད་གངས་ཅན་གྱི་ལྗོངས་སུ་གདན་དྲངས་རྗེས་རིམ་བཞིན་རྐང་བརྟན་པོར་ཚུགས། དུས་རབས་དགུ་བའི་དུས་དཀྱིལ་ནས་བན་བོན་བར་གྱི་འགལ་བ་ཇེ་དྲག་ཏུ་སོང་བ་དང་བསྟུན་ནས་གླང་དར་མས་ཚབ་བྱེད་ཀྱི་སྟོབས་ཤུགས་དེས་སྲིད་ཇུས་བཙན་དྲག་ཅན་ལག་བསྟར་བྱས་ཏེ་སངས་རྒྱས་ཆོས་ལུགས་བསྣུབས། ལོ་བརྒྱ་ལྷག་འགོར་རྗེས་སྟོད་འདུལ་དང་སྨད་འདུལ་བརྒྱུད་དེ་སངས་རྒྱས་ཆོས་ལུགས་ཀྱི་མེ་རོ་མདོ་ཁམས་སྨད་ནས་གསོས། སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་ནི་བོད་མི་རིགས་ཀྱི་བསམ་བློའི་རིག་གནས་ཀྱི་སྲོག་ཤིང་ལྟར་གྱུར་ཏེ། དེའི་ཤུཊ་རྐྱེན་བོད་ཀྱི་སྤྱི་ཚོགས་ཀྱི་ཕྱོཊ་སོ་སོར་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་ཞིང་ལོ་རྒྱུས་ཐོག་ཏུའང་བྱེད་ནུས་གལ་ཆེན་ཞིག་བཞག་ཡོད། ལོ་རྒྱུས་སུ་སྔ་རབས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱིས་དམ་ཆོས་སྤེལ་བའི་འགན་བཞེས་ནས་བོད་ཡུལ་དུ་དར་བ་དང་རྒྱ་ཆེར་སྤེལ་བའི་རྨང་གཞི་བཏང་ཞིང་ལམ་སྟོན་པའི་བྱས་རྗེས་བླ་མེད་ཅིག་བཞག་ཡོད།
    བླ་མ་དང་དམ་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་ལུགས་རྒྱ་ཁྱབ་ངང་བསྒྲགས་པ་དང་འབྲེལ། བསྟན་བཅོས་མང་བོ་བརྩམས་ནས་རྗེས་རབས་པ་ལ་དམ་པའི་ཆོས་སྐོར་གྱི་ཕྱག་བྲིས་དངོས་མ་གྲངས་ཀྱིས་མི་ལངས་པ་ཞིག་གནང་ཡོད། གསུངས་ཆོས་ཕྱག་བྲིས་མ་འདིའི་ནང་དུ་སངས་རྒྱས་ཆོས་ལུགས་དང་མཚན་ཉིད་རིག་པ། ལོ་རྒྱུས་རིག་གནས། སྐར་རྩིས། གསོ་བ་རིག་པ། བཟོ་རིག་པ་སོགས་ནང་དོན་ཕུན་སུམ་ཚོགས་པ་འདུས་ཡོད། པར་གཞི་འདི་འདྲའི་དཀོན་པོ་དག་གྲངས་ཉུང་མི་རིགས་གཞན་གྱི་གནའ་དཔེ་ལས་བྱུང་མྱོང་ཡོད་པ་མ་རེད། ད་བར་དུ་སྔ་རབས་སྐྱེས་བུ་དམ་པའི་གསུངས་ཆོས་ཕྱག་བྲིས་མ་དག་དགོན་པ་ལས་ཉར་བ་ལས་ཀུན་ལ་ཁྱབ་མེད། ཡིན་ཡང་གསུངས་ཆོས་ཕྱག་བྲིས་མ་ཁག་ཅིག་དམངས་ཁྲོད་དུ་ཁ་འཐོར་དུ་ཤོར་བས་ཞིབ་འཇུག་པ་དང་ཆོས་ལུགས་མི་སྣ། དད་ལྡན་མང་ཚོགས་རྣམས་ཀྱིས་གསུངས་ཆོས་ཕྱག་བྲིས་མ་མཐོང་བའི་གོ་སྐབས་དང་བྲལ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་དགོན་པ་དང་དམངས་ཁྲོད་ནས་འཚོལ་བསྡུ་བྱས་པའི་སྐྱེས་བུ་དམ་པའི་གསུངས་ཆོས་ཕྱག་བྲིས་མ་དཀོན་པོ་མང་བོ་ཕྱོགས་གཅིག་ཏུ་བསྒྲིགས་ཤིང་། ཚོན་ལྡན་གྱི་ལམ་ནས་ཇི་མ་ཇི་བཞིན་དུ་པར་སྐྲུན་བྱས་ཏེ་ཞིབ་འཇུག་པ་དང་དད་ལྡན་མང་ཚོགས་ཀྱི་སྤྱན་སྔར་ཕུལ་བའོ།།
    བོད་ཀྱི་སྔ་རབས་དམ་པ་རྣམས་ཀྱི་གསུངས་ཆོས་ཕྱག་བྲིས་མ་རིན་ཆེན་གསེར་ཕྲེང་ཞེས་པའི་དཔེ་ཚོགས་འདི་ནི་གྲངས་ཉུང་མི་རིགས་སྐད་ཡིག་དོན་ཚན་གཙོ་བོ་བཅོ་ལྔའི་པར་སྐྲུན་གྱི་འཆར་གཞི་ཡིན། དཔེ་ཚོགས་འདིར་དུས་རབས་བདུན་པ་ནས་བཅུ་བཞི་བའི་བར་གྱི་བོད་ཀྱི་སྐྱེས་བུ་དམ་པའི་གསུངས་ཆོས་ཕྱག་བྲིས་མ་པོད120བསྡུས་ཤིང་གོ་རིམ་གསུམ་དུ་པར་སྐྲུན་བྱེད་པའི་འཆར་གཞི་བཏོན་ཡོད། དེ་ལས་དེབ་ཕྲེང་དང་པོ་ནི 2014ལོའི་རྒྱལ་ཁབ་དངུལ་རྩའི་དཔེ་སྐྲུན་གྱི་ལས་གཞིར་བཀོད་པ་དང་། པོད་བཞི་བཅུ་དེབ་བཞི་བཅུར་བཀོད་སྒྲིག་བྱས་ནས་པར་སྐྲུན་བྱས་ཡོད། དེ་ལ་རྣམ་ཐར་པོད་ཉེར་གཅིག་དང་། ཆོས་འབྱུང་དེབ་ཐེར་པོད་དགུ། མགུར་ཚོགས་པོད་དྲུག གདུང་རབས་པོད་གཅིག སྐྱེས་རབས་པོད་གཅིག བཀའ་ཆོས་པོད་གཉིས་བཅས་བསྡུས་ཡོད། 
    དེབ་ཕྲེང་དང་བོ་འདིར་བཀོད་པའི་རྣམ་ཐར་པོད་ཉེར་གཅིག་ལ་བཀའ་བརྒྱུད་བླ་མ་ཨ་ཏི་ཤ་ཆོས་རྗེ་མར་པ། རྗེ་མི་ལ་རས་པ། རིན་ཆེན་གླིང་བ། ཆོས་ཀྱི་རྗེ་མཐོང་བ་དོན་ལྡན། རང་བྱུང་མཚོ་སྐྱེས་རྡོ་རྗེ་མི་ཕམ་ཆོས་ཀྱི་རྒྱལ་པོ། རྗེ་བཙུན་བསམ་གཏན་གླིང་བ་ནམ་མཁའ་བསོད་ནམས། རྒྱལ་བ་རྒོད་ཚང་བ། གཉན་རས། རྗེ་སྒམ་པོ་བ། ཆོས་རྗེ་དུས་གསུམ་མཁྱེན་པ། ཆོས་རྗེ་ལོ་རས་པ་སོགས་ཀྱི་རྣམ་ཐར་རྒྱས་བསྡུས་གང་རུང་གི་ཕྱག་བྲིས་མ་ཚང་མ་ནི་ཐེངས་དང་བོར་ཚོན་ལྡན་གྱི་ལམ་ནས་པར་དུ་བཏབ་ཡོད། བཀའ་བརྒྱུད་བླ་མའི་རྣམ་ཐར། ཞུས་ཆེན་ནོར་བུའི་ཕྲེང་བ་ལྷ་ཆོས་བདུན་ལྡན་གྱི་བླ་མ་བརྒྱུད་པ་རྣམས་ཀྱི་རྣམ་ཐར། མར་པ་ནས་རྒོད་ཚང་བའི་བར་གྱི་རྣམ་ཐར། རྣམ་པར་ཐར་བ་ནོར་བུའི་ཕྲེང་བ་ཞེས་པ། རྣམ་ཐར་རིན་ཆེན་ཕྲེང་བ་ཞེས་པ་སོགས་ཀྱི་གསུངས་ཆོས་ཕྱག་བྲིས་མ་ནི་ཤིན་ཏུ་དཀོན་པ་ཡིན་ལ་ཐེངས་དང་པོར་འཚོལ་བསྡུ་དང་རྩོམ་སྒྲིག་བྱས་ནས་པར་སྐྲུན་བྱས་པ་ཡིན། ལྷག་པར་དུ་བོད་ཡུལ་དུ་རྒྱུགས་ཆེ་བའི་གཙང་སྨྱོན་ཧེ་རུ་ཀས་མཛད་པའི་མི་ལ་རས་པའི་རྣམ་ཐར་མ་གཏོགས། དཔེ་ཚོགས་འདི་ལས་རྗེ་མི་ལའི་རྣམ་ཐར་གཞན་བཞི་རྙེད་སོན་བྱུང་ཡོད་དེ། རྣལ་འབྱོར་དབང་ཕྱུག་མི་ལ་ཆེན་པོའི་རྣམ་ཐར་བཀའ་འབུམ་ཆེན་མོ་གྲུབ་ཐོབ་རས་པ་བཅུ་གཉིས་ཀྱིས་བསྒྲིགས་པ་ངོ་མཚར་ཀུན་འདུས་ཞེས་བྱ་བ་བཞུགས་སོ་ཞེས་པ་དང་། རྗེ་བཙུན་རིན་པོ་ཆེ་མི་ལ་རས་པའི་རྣམ་ཐར་བཞུགས་པའི་དབུ་ཕྱོགས་ལགསྷོ། རྗེ་མིད་ལའི་རྣམ་ཐར་གྱི་དབུ་ཕྱགསྷོ། རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ཕྱོགས་བསྒྲིགས་ཆེན་མོ་ཞེས་པ་སོགས་རྗེ་བཙུན་མི་ལའི་རྣམ་ཐར་གྱི་སྐོར་ལའང་རྒྱས་བསྡུས་དང་མཛད་མཁན་མི་འདྲ་བའི་དཔེ་དཀོན་མང་བོ་བྱུང་ཡོད་པས་རྗེ་མི་ལ་རས་པའི་རྣམ་ཐར་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་རྒྱུ་ཆ་རིན་ཐང་བྲལ་བ་ཞིག་རེད་ཅེས་བརྗོད་ཆོག དཔེ་ཚོགས་འདིར་བསྡུས་པའི་རྣམ་ཐར་གྱི་དཔེ་དཀོན་ནི་མདོ་དབུས་ཁམས་གསུམ་གྱི་དམ་ཆོས་ཀྱི་དར་ཚུལ་དང་སྤྱི་ཚོགས་ཀྱི་རིག་གནས། བོད་ཡིག་བརྡ་སྤྲོད་ཀྱི་འགྱུར་བ་སོགས་ལ་ཞིབ་འཇུག་བྱེད་ན་རིན་ཐང་ཅན་གྱི་ཡིག་རྙིང་མཁོ་སྤྲོད་བྱ་ཐུབ།
    ཆོས་འབྱུང་དེབ་ཐེར་པོད་དགུ་བསྡུས་ཏེ། དབའ་བཞེད་དང་བཀའ་བརྒྱུད་རིན་པོ་ཆེའི་ལོ་རྒྱུས་ཕྱོགས་གཅིག་ཏུ་བསྒྲིགས་པའི་རྒྱས་པ་ཞེས་པ། ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། བཀའ་བརྒྱུད་རིན་པོ་ཆེའི་ཆོས་འབྱུང་མིག་འབྱེད་འོད་སྟོང་། འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས་པའི་དེབ་ཐེར་སྔོན་པོ་སོགས་ནི་བོད་ཀྱི་ལོ་རྒྱུས་ལ་རྟོགས་དཔྱོད་བྱེད་པའི་ཡིག་ཆ་གལ་ཆེན་ཞིག་ཡིན་པ་དང་། དེ་ལས་ཀྱང་སྔ་ཤོས་ནི་དབའ་བཞེད་ཅེས་པ་ཡིན་པར་སྙམ། དབའ་བཞེད་ཀྱི་མ་ཕྱི་འདི་ལ་བསྡོམས་པས་ཤོག་ལྡེབ 62འདུག དེ་རུ་གཙོ་བོ་བསྟན་པ་སྔ་དར་སྐབས་དམ་ཆོས་བོད་དུ་ཇི་ལྟར་དར་བའི་ཚུལ་བརྗོད་ཡོད། དེ་ལ་ལྷ་ཐོ་ཐོ་རི་སྙན་བཙན་སྐབས་སུ་དབུ་བརྙེས་པ་ནས། སྲོང་བཙན་སྐབས་གཙུག་ལག་ཁང་བཞེངས་པ་དང་ལྷ་བཙུན་ཇོ་མོར་བསུས་པ། ལྷ་ཆོས་ཀྱི་ཁྲིམས་བཅས་པ། ཁྲི་སྲོང་ལྡེ་བཙན་སྐབས་དབས་སང་ཤི་རྒྱ་གར་ནག་ཏུ་སོང་སྟེ་ནང་ཆོས་དར་བར་ཤུགས་བརྒྱབ་ཚུལ། བསམ་ཡས་བཞེངས་ཚུལ། ཞང་བློན་དང་སློབ་དཔོན་སམ་བྷ་བ་བར་གྱི་འགལ་བ། སྟོན་རྩེན་གྱི་རྩོད་པ། ཁྲི་སྲོང་ལྡེ་བཙན་འདས་རྗེས་འདད་ཇི་ལྟར་བྱ་དགོས་པར་བན་བོན་རྩོད་པ་བྱུང་བ། ཁྲི་གཙུག་ལྡེ་བཙན་སྐབས་ལྷ་ཆོས་ཇི་ལྟར་སྤེལ་ཚུལ་སོཊ་བཀོད་ཡོད། དེ་ནི་སྔ་དུས་སུ་དམ་ཆོས་བོད་དུ་དར་སྤེལ་སྐོར་ཞིབ་འཇུག་བྱེད་ཐུབ་པའི་ཡིག་ཆ་གལ་ཆེ་ཞིག་རེད།
     གསུང་མགུར་ལ་གསུང་མགུར་རྣམས་ཀྱི་དཀར་ཆག་དང་རྗེ་རྣལ་འབྱོར་དབང་ཕྱུག་དཔལ་བཞད་པའི་རྡོ་རྗེའི་མགུར་ཚོགས་ཕྱོགས་བསྒྲིགས། བཀའ་བརྒྱུད་རིན་པོ་ཆེའི་མགུར་མཚོ་ལས། རི་ཁྲོད་པ་ས་ར་ཧ་སའམ་བྲམ་ཟེ་ཤ་ཝ་རི་དབང་ཕྱུག་གི་མགུར། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་བཞད་པ་རྡོ་རྗེའི་གསུང་མགུར། རྗེ་བཙུན་རས་ཆུང་བའི་གསུང་མགུར། རྒྱལ་བ་དུས་གསུམ་མཁྱེན་པ་ཆོས་ཀྱི་གྲགས་པ་ཞེས་པའི་མགུར་པོད་དྲུག་བཞུགས་ཡོད། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཐོག་ཏུ་རིམ་བྱོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་གོ་སླ་བའི་མགུར་གླུའི་ཚུལ་དུ་དམ་ཆོས་ཀྱི་སྙིང་དོན་གསུངས་པ་དང་མི་སྐྱ་རྣམས་ལ་སྤེལ་ནས་ཤུགས་རྐྱེན་ཤིན་ཏུ་ཟབ་མོ་ཞིག་བཞག་མྱོང་། དེ་ལས་རྗེ་རྣལ་འབྱོར་དབང་ཕྱུག་དཔལ་བཞད་པའི་རྡོ་རྗེའི་མགུར་ཚོགས་ཕྱོགས་བསྒྲིགས་དང་བཀའ་བརྒྱུད་རིན་པོ་ཆེའི་མགུར་ཚོགས་ལས་རི་ཁྲོད་པ་ས་ར་ཧ་སའམ་བྲམ་ཟེ་ཤ་ཝ་རི་དབང་ཕྱུག་གི་མགུར་ཞེས་པའི་གསུང་མགུར་གཉིས་ཀྱི་རྩོམ་དུས་སྔ་ཤོས་ཡིན་པར་སྙམ་ཞིང་ཐེངས་དང་པོར་བསྒྲིགས་ནས་དཔར་སྐྲུན་བྱས་ཡིན་པས་ཞིབ་འཇུག་དང་རྒྱུད་འཛིན་གྱི་རིན་ཐང་བརྗོད་ཀྱིས་མི་ལང་བ་ཞིག་ལྡན། དེ་མིན་གདུང་རབས་ལ་ཇོ་བོ་ལྕེའི་གདུང་རབས་པོད་གཅིག་དང་། སྐྱེས་རབས་ལ་སློབ་དཔོན་དཔའ་བོའི་དགོངས་པ་བཞིན་སྤྲུལ་བ་མཛད་ནས་བོད་དུ་བྱོན་ནས་ཀརྨ་པ་རང་བྱུང་རྡོ་རྗེར་སྤྲུལ་བའི་སྐྱེས་རབས་པོད་གཅིག བཀའ་ཆོས་པོད་གཉིས་ཏེ་ཇོ་བོ་ཡབ་སྲས་ཀྱི་གསུང་བགྲོས་ཕ་ཆོས་རིན་པོ་ཆེའི་གཏེར་མཛོད། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་རྩ་འགྲེལ་བཞུགས་སོ་ཞེས་པ་དང་བཀའ་བཞི་བརྒྱུད་པའི་ཆོས་དྲུག་བཞུགས་སོ་འདི་དག་ཚང་མ་མཐོང་རྒྱུ་ཧ་ཅང་དཀོན་པའི་ཕྱག་བྲིས་མ་ཡིན། ཇོ་བོ་རྗེའི་གདུང་རབས་ལས་སྤྱི་ལོ་དུས་རབས་བཅུ་གཉིས་ཡན་གྱི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོའི་ཆོས་བརྒྱུད་དང་བླ་བརྒྱུད་བཅས་གསལ་བོར་བསྟན་པས་ཀློག་པ་པོ་དང་ཞིབ་འཇུག་པ་རྣམས་ཀྱིས་དོ་ཁུར་ཆེན་པོར་བྱ་རྒྱུར་བསླང་། དེབ་ཕྲེང་དང་བོའི་ནང་བསྡུས་པའི་བཀའ་ཆོས་མན་ངག་པོད་གཉིས་རྙེད་རྒྱུ་དཀའ་ཞིང་ཐུན་མོང་མ་ཡིན་པའི་གསུངས་ཆོས་ཕྱག་བྲིས་མ་ཞིག་ལ། གཙོ་བོར་མན་ངག་སྐོར་གྱི་ནང་དོན་འདིའང་ཐེངས་དང་བོར་བསྒྲིགས་ཤིང་པར་སྐྲུན་བྱས་པས་ཕན་ཐོགས་ཆེན་པོ་ལྡན་སྙམ།
དཔེ་དེབ་འདིའི་ཐུན་མིན་གྱི་ཁྱད་ཆོས།
    བོད་ཀྱི་སྔ་རབས་དམ་པ་རྣམས་ཀྱི་གསུངས་ཆོས་ཕྱག་བྲིས་མ་རིན་ཆེན་གསེར་ཕྲེང་ཞེས་པའི་དཔེ་ཚོགས་འདི་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འགའ་ཡོད་དེ། གཅིག དཔེ་ཚོགས་འདིའི་པར་གཞི་ཤིན་ཏུ་སྔ་བ་སྟེ་གནའ་དཔེ་ཚང་མ་སྤྱི་ལོ་དུས་རབས་བདུན་པ་ནས་བཅུ་བཞི་བར་གྱི་ལོ་ངོ་བརྒྱད་བརྒྱའི་རིང་གི་ཡིན་པས་ཧ་ཅང་དཀོན་པའི་གསུངས་ཆོས་ཕྱག་བྲིས་མ་ཡིན་ལ་པར་གཞི་རིན་ཐང་བྲལ་བ་ཞིག་རེད། གཉིས། གནའ་དཔེ་འདི་དག་ནི་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁམས་ག་ས་གང་དུ་ཁྱབ་ཡོད་པ་རེད། གསུམ། དཔེ་ཚོགས་འདིར་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱིས་དམ་ཆོས་སྤེལ་བའི་ཁྲོད་བརྩམས་པའི་བསྟན་བཅོས་མང་བོ་བསྡུས་ཡོད་པ་དང་། བོད་ཀྱི་ལོ་རྒྱུས་དང་རིག་གནས། དམ་ཆོས་གང་ལེགས་སུ་མཚོན་པ་དང་། ད་ལྟའི་བར་དུ་ཆེས་འཐུས་ཚང་དང་ཕུན་སུམ་ཚོགས་པའི་སྐྱེས་བུ་དམ་པའི་གསུངས་ཆོས་ཕྱག་བྲིས་མ་ཡིན་ཞིང་མཐོང་ཤིན་ཏུ་དཀོན་པའི་རིན་པོ་ཆེ་དང་གཉིས་སུ་མ་མཆིས། སྲུང་སྐྱོབ་ལེགས་པོར་འོངས་ཆེད་དཔེ་སྐྲུན་ཁང་གིས་གནའ་དཔེ་ཡོད་ཚད་ཚོན་ལྡན་གྱི་ལམ་ནས་ཇི་མ་ཇི་བཞིན་དུ་པར་དུ་བཏབ་ཅིང་སྤུས་ཤིན་ཏུ་ལེགས། པོད་རེ་རེའི་སྔོན་དུ་གནའ་དཔེའི་ལོ་རྒྱུས་དང་ནང་དོན་སོགས་ཞིབ་མོར་བཀོད་ཡོད་ལ། དེབ་ཕྲེང་དང་པོ་དེབ་བཞི་བཅུར་བསྒྲིགས་ཤིང་དེབ་བརྒྱད་རེ་དཔེ་ཐུམ་སེར་པོ་གཅིག་གིས་བཏུམས་ནས་ཆེད་བཟོས་ཀྱི་ཤིང་སྒམ་ལྔ་རུ་བཞག་ཡོད། དཔེ་ཚོགས་འདི་ནི་གནའ་དུས་སུ་བོད་དུ་དམ་ཆོས་ཀྱི་དར་ཚུལ་དང་། བསམ་བློ། མཚན་ཉིད་རིག་པ། རིག་གནས། ལོ་རྒྱུས། སྤྱི་ཚོགས། སྒྱུ་རྩལ་སོགས་མཚོན་ཐུབ་པའི་གནའ་བོའི་རྒྱུ་ཆ་ཞིག་ཡིན་པས། ཞིབ་འཇུག་པ་དང་ཤེས་ལྡན་པ་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་དང་སྤེལ་ཚུལ་སོགས་རྟོགས་དཔྱོད་བྱེད་པའི་རྒྱུ་ཆའི་བང་མཛོད་ཞིག་དང་འདྲ་བ་མ་ཟད། དད་ལྡན་མང་ཚོགས་ཀྱིས་གཙུག་ཏུ་བཀུར་ཏེ་མཆོད་པའི་རྟེན་དུ་བྱས་ཀྱང་ཆོག་ལ། ཁྱད་པར་དུ་རྒྱལ་ཁབ་ཕྱི་ནང་གི་དཔེ་མཛོད་ཁང་དང་སློབ་གྲྭ་ཆེན་མོ། བོད་རིག་པའི་ཞིབ་འཇུག་ལས་ཁུངས་སོགས་ལ་དགོས་མཁོ་ཆེ་བས་ཉར་ཚགས་ཀྱི་རིན་ཐང་ལྡན་པའི་དཔེ་ཚོགས་ཤིག་ཡིན།།