མེས་རྒྱལ་ང་ཡི་སེམས་ཁོང་ན་ཡོད།
藏文报
作者:
新闻 时间:2016年11月09日 来源:藏文报
འཇིག་རྟེན་འདི་ན་ང་ཚོས་ཆེས་བཀུར་བར་འོས་པའི་ཡུམ་ཆེན་གཉིས་ཡོད་དེ། གཅིག་ནི་དཀའ་སྡུག་ལ་མགོ་མི་སྒུར་བར་ང་ཚོའི་ཆེད་དུ་རང་གི་ནུས་པ་ཡོད་དགུ་འབུལ་བའི་དྲིན་ཆེན་ཨ་མ་ཡིན་ལ། གཞན་ཞིག་ནི་འུ་ཅག་གི་གཅེས་སུ་རུང་བའི་མ་ཡུམ་མེས་རྒྱལ་ཡིན།
མེས་རྒྱལ་ཨ་མ་ཁྱེད་ནི་ཇི་འདྲའི་བྱམས་བརྩེ་ལྡན་ལ་ཞི་ཞིང་དུལ་བ་ཞིག་རེད་ཨང་། ངས་ཁྱེད་ཀྱི་དྲོད་འཇམ་གྱི་པང་བ་ནས་བརྩོན་འགྲུས་ཀྱི་རྟ་ཕོར་ཤེས་བྱའི་ལྕག་གིས་སྐུལ་ཏེ་རིག་པའི་ཐང་ཆེན་དུ་རང་གི་ཕུགས་བསམ་བཙལ་ན་འདོད། ཁྱེད་ཀྱིས་ང་ཚོར་བསྩལ་བ་ནི་གཞན་ལས་ལྷག་པའི་སྙིང་སྟོབས་ཤིག་ཡིན་ལ། ང་ཚོ་ཁྱེད་ཀྱི་སྔོ་ལྗང་གི་རུམ་ཁུག་ན་རྩེ་ཞིང་དགོད། ཆུ་ཕྲན་གྱིས་ལྷུང་ལྷུང་གི་གླུ་དབྱངས་ལེན་བཞིན་མེས་རྒྱལ་ཨ་མའི་སྤྱན་འོག་ནས་མདུན་དུ་སྐྱོད་ལ། ང་ཚོ་ཆུ་ཕྲན་དེ་དང་འགྲོགས་ནས་མདུན་སྐྱོད་ཀྱི་གོམ་ཁ་སྒྱུར་འགོ་བརྩམས་ཤིང་། དུས་དེ་ནས་བཟུང་ང་ཚོས་ཕུགས་བསམ་གྱི་ལམ་སྣེར་གོམ་ཁ་དང་བོ་སྤོས། ཁྱེད་ཀྱི་བྱམས་བརྩེའི་ཐུགས་ཁུར་འོག་ནས་ང་ཚོ་ཚང་མ་ཡ་རབས་གཞུང་དྲང་གི་སློབ་བུ་བཟང་བོ་ཞིག་ཏུ་གྱུར་ཡོད། དེ་བས་ང་ཚོས་ནངས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་སློབ་ལ་བརྩོན་པ་བྱས་ཏེ་ཁྱེད་ཀྱི་རེ་བ་བསྒྲུབ་དགོས། མེས་རྒྱལ་ཨ་མ་ལགས། ཁྱེད་ལ་སྒེར་སེམས་དང་ཕྲག་དོག་མེད་པས། ཁྱེད་ཀྱི་རུམ་ཁུག་དྲོན་མོ་ནས་འཚར་ལོངས་བྱུང་བའི་སྐྱེ་བོ་སུ་ཞིག་ཡིན་རུང་ཚང་མ་ནི་ཁྱེད་དང་འདྲ་བར་དུག་ལྔའི་ཉེས་སྐྱོན་གྱི་གྲིབ་མ་ཆུང་བར་གྱུར་འདུག དེ་བས་ཁྱེད་ཀྱིས་བསྐྱངས་པའི་མི་ཚང་མ་ནི་རང་གི་དྲིན་ཆེན་ལ་བཀུར་གཟོ་དང་དྲིན་ལན་འཇལ་མཁན་ཏག་ཏག་རེད། ནམ་ཞིག་ལ་ང་ཚོའི་ཕུགས་བསམ་གྱི་མྱུ་གུ་དེར་འབྲས་བུ་སྨིན་དུས། ང་ཚོས་ཁྱེད་ལ་དྲིན་ལན་འཇལ་ངེས་ཡིན།
མེས་རྒྱལ་ཨ་མས་ཕངས་པ་མེད་པར་རང་གི་ཡོད་ཚད་ང་ཚོར་ཕུལ་བས། ང་ཚོ་ནར་སོན་ན་རང་ནུས་ཡོད་དགུས་མེས་རྒྱལ་ཨ་མར་ཞབས་འདེགས་ཞུ་དགོས།།ཅོ་ནེ་རྫོང་ཉིན་པ་སློབ་ཆུང་། དྲུག་གཉིས་འཛིན་གྲྭ། བསྟན་འཛིན་འཚོ། མཛུབ་ཁྲིད་དགེ་རྒན། སྒྲོལ་མ་འཚོ།