ཆོ་ འཕྲུལ་ སྨོན་ ལམ་ ཆེན་ མོ།
藏文报
作者:
新闻 时间:2017年06月10日 来源:藏文报
ད་ལྟ་དགེ་ལུགས་པའི་དགོན་སྡེ་སོ་སོ་ན་ཧོར་ཟླ་དང་བོའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་དྲུག་བར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཞེས་ཆོས་ལུགས་ཀྱི་ཆོ་ག་ཞིག་སྤེལ་བའི་སྲོལ་ཡོད། འདི་ནི་རབ་བྱུང་བདུན་པའི་ས་གླང་ལོར་རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་ཐོག་མར་ལྷ་སའི་དགའ་ལྡན་དགོན་པ་ནས་སྲོལ་བཏོད་པ་ཞིག་ཡིན།
ཕྱིས་སུ་དགེ་ལུགས་པའི་དགོན་སྡེ་སོ་སོ་ནས་རྒྱུན་བཟུང་སྟེ་ད་ལྟའི་བར་དུ་དར་སྤེལ་བཏང་བ་ཞིག་རེད། སྟབས་ལེགས་པོ་ཞིག་ལ། ད་ལོ་ང་ཨ་ཕ་དང་ཨ་མར་འགྲོགས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོར་མཇལ་བའི་བསྐལ་བ་ཡག་པོ་ཞིག་ཐོབ། བླ་བྲང་བཀྲ་ཤིས་འཁྱིལ་ནི་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་ཡིན་པས། དེར་མདོ་དབུས་ཁམས་གསུམ་གྱི་མཇལ་བ་ཧ་ཅང་མང་པོ་འཛོམས་ཡོད་པ་མ་ཟད། སོག་རྒྱ་ཧོར་གསུམ་གྱི་མི་རིགས་མང་པོ་འདུས་ཡོད་པས་གང་ས་གང་དུ་ཟིང་ཟིང་ལང་ལོང་གི་མི་ཚོགས་ཀྱིས་བཀང་། ང་འདི་འདྲའི་འདུ་འཛི་ཆེ་ས་ཞིག་ལ་ཐེངས་དང་པོར་སོང་བ་ཡིན་པས་ངོ་མ་ཧ་ལས་སོང་།
ཚེས་བཅུ་གསུམ་གྱི་ཉིན་དེར། བླ་བྲང་བཀྲ་ཤིས་འཁྱིལ་གྱི་མདུན་རིའི་བརྩིགས་ངོས་ནས་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་བཤམས། མཇལ་བ་མང་པོ་འཚང་ཁ་ཤིག་ཤིག་གིས་མཇལ་བཞིན་ཡོད་ནའང་ང་རང་སྟེགས་བུའི་སྟེང་དུ་བུད་དེ་དངོས་སུ་ཐོད་པ་གཏུགས་ནས་མཇལ་དགོས་པའི་དད་པ་སྐྱེས་མོད། འཚང་ཁ་ཆེ་བའི་རྐྱེན་གྱིས་ཨ་ཕས་ང་གཅིར་བར་དོགས་ནས་རྒྱང་ནས་ཕྱག་འཚལ་ཏེ་ཞལ་མཇལ་བྱས་པ་ཡིན། ཡིན་ནའང་གོས་སྐུ་ཆེན་མོའི་གཟི་བརྗིད་ཀྱིས་ང་ལ་སེམས་གཏིང་ནས་མོས་པ་ཞིག་སྐྱེས་ཏེ་རང་དབང་མེད་པར་གསོལ་བ་འདེབས་དགོས་བྱུང་།
ཨ་ཕས་བཤད་པ་ལྟར་ན། ཆོས་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་ནི་མདོ་སྔགས་གཉིས་ཀྱི་གཞུང་ལ་བསླབ་པ་སློབ་གཉེར་བྱེད་སའི་དགོན་པ་ཆེན་པོ་ཞིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་རིག་གནས་དར་སྤེལ་བྱེད་སའི་དགོན་པ་གལ་ཆེན་ཞིག་ཀྱང་ཡིན། ད་ལྟ་ཕྱི་ནང་གཉིས་ན་གྲྭ་བ་སྟོང་ཕྲག་གསུམ་ལྷག་བཞུགས་ཡོད་ཅེས་བཤད་སྲོལ་ཡོད་ལ། དགོན་པའི་འདུ་ཁང་དང་ལྷ་ཁང་། ནང་བསྟན་སྐུ་འདྲ། བསླབ་པ་སློབ་གཉེར་སོགས་ཀྱི་དགོན་སྡེའི་རིག་གནས་མང་པོ་ཕྱི་རུ་མངོན་འདུག ང་ངོ་མ་གཉིད་ལས་སད་པ་ལྟར་གྱུར་ནས་ཐེངས་འདིར་བླ་བྲང་བཀྲ་ཤིས་འཁྱིལ་དུ་སོང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་ཞིག་འབྲི་འགོ་བརྩམས།
ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཞེས་ཆོས་ལུགས་ཀྱི་ཆོ་ག་འདི་ནི། དགེ་ལུགས་པའི་ནང་བསྟན་རིག་གནས་ཀྱི་བྱེད་སྒོ་གལ་ཆེན་པོ་ཞིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་ལོ་རྒྱུས་མཚོན་པའི་བླ་ན་མེད་པའི་རིག་གནས་ཤུལ་བཞག་ཞིག་ཀྱང་ཡིན། མི་རིགས་འདིའི་སྐད་དང་ཡི་གེ ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས་སོགས་ཀྱང་ཡུན་རིང་དུ་གནས་ཤིང་འཚོ་དགོས་ན་འདི་ལྟ་བུའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལ་ཐུག དེ་བས་ནང་བསྟན་རིག་གནས་ཀྱིས་འཛམ་གླིང་ལ་ཞི་བདེ་སྩོལ་ལ་བོད་མི་རིགས་ལ་གཅིག་མཐུན་གྱི་བསམ་བློ་སྤེལ།། (ཀླུ་ཆུ་རྫོང་མ་ངེ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་ལོ་རིམ་དྲུག་པའི་སློབ་མ་སྒྲོལ་མ་སྐྱབས། )