本版导航 各版导航 视觉导航 标题导航 以往报纸

མཛེས་པའི་ཕ་ཡུལ།

藏文报 新闻    时间:2017年06月10日    来源:藏文报

    མཐའ་ཡས་པའི་རྩྭ་ཐང་ཐོག་དུ་འདོ་རིགས་རྟ་བོས་འཚེར་སྒྲ་སྒྲོག  ཐུལ་དཀར་འབྲི་མོས་ངུར་སྒྲ་སྒྲོག  གཡང་དཀར་ལུག་གིས་འབའ་སྒྲ་སྒྲོག་བཞིན་ཁྱུ་དང་ཁྱུ་བྱས་ཏེ་བློ་བདེ་བག་ཕེབས་ཀྱི་ངང་ནས་རྩྭ་ཆུ་ལ་རོལ་གྱིན་གདའ། གཞོན་ནུ་རྣམས་ཀྱིས་དབུ་འཕང་དགུང་དང་མཉམ་པའི་རྟ་ཕོ་ལ་ཞོན་ཏེ་བསང་གཞོངས་སྔོན་མོའི་འགྲམ་དུ་སྐྱ་རྩལ་ངོམ་པ་དང་། གཞོན་ནུ་མ་ཚོས་དགོ་དགོ་ངག་གི་དབྱངས་ལ་འགུག་བཞིན་འབྲི་ཐུལ་མ་བཞོ་བའི་ལས་ལ་བྲེལ།  དེ་ནི་བསང་ཆུ་སྔོན་མོའི་འགྲམ་དུ་ཆགས་པའི་ངའི་གཅེས་སུ་འོས་པའི་ཕ་ཡུལ་ཡིན།
    ངས་ནམ་རྒྱུན་བསང་ཆུ་སྔོན་མོའི་བཞུར་སྒྲ་ལ་ཉན་བཞིན་དཔེ་ཀློག་ལ་ཞུགས། ཨ་མྱེས་ཁྱུང་རྩེ་ལ་བཅོལ་དམ་རེ་བྱེད་བཞིན་སློབ་གླིང་དུ་ཆས།  ལོ་རེའི་དགུན་ཁ་སླེབས་པ་ན།  ཕྱོགས་བཞིའི་རི་མགོ་ཁ་བས་གཡོགས་ཤིང་།  ཆུ་བོ་ལ་འགྲམ་དར་ཆགས།  སྐྱེ་དངོས་ཡོད་ཚད་ངལ་གསོའི་དུས་ཆེན་ལ་སླེབས་པ་དང་འདྲ་བར་ལྷིང་འཇགས་སེར་གྱུར། 
    ས་འདི་ན་རིན་ཐང་བྲལ་བའི་རིག་གནས་སྒྱུ་རྩལ་ཡོད་ལ།  ས་འདི་ན་བྱམས་དང་བརྩེ་བས་ཁེངས་པའི་བོད་རིགས་མི་དམངས་ཡོད། ཕ་ཡུལ་ནི་བུ་མོ་ང་སྐྱེས་སའི་གཞིས་ཁྱིམ་དྲོན་མོ་དེ་ཡིན་པས།  འཇིག་རྟེན་འདིར་ནམ་ཡང་བརྗེད་ཐབས་བྲལ།  ངས་སློབ་སྦྱོང་ལ་འབད་པ་བྱས་ཏེ་མ་འོངས་པར་ཕ་ཡུལ་ཇེ་མཛེས་ཇེ་ལེགས་སུ་གཏོང་རྒྱུ་ནི་བུ་མོ་ངའི་ཕུགས་བསམ་ཡིན་ལ་འོས་འགན་ཡང་ཡིན།  ངས་ཁྱེད་ཀྱི་མཛེས་པའི་ཡུལ་ལྗོངས་དང་ལོ་རྒྱུས་རིང་མོ་དེ་འགྲོ་བ་མིའི་རིགས་ཀྱིས་བསྟོད་བསྔགས་དང་རེ་སྨོན་བྱེད་སའི་གནས་མཆོག་ཞིག་ཏུ་འགྱུར་བར་བྱ་ངེས།།
    (བསང་ཆུ་རྫོང་བོད་རིགས་སློབ་འབྲིང་གི་དམའ་གཅིག་བརྒྱད་པའི་སློབ་མ་ཚེ་གཟུངས་སྐྱིད།)