དྲན་ པའི་ རླབས།
(གཞན་གཅིག)ཀླུ་འབུམ་རྒྱལ། [ལྷ་ས]
藏文报
作者:
新闻 时间:2017年09月23日 来源:藏文报
ཡིད་ཀྱི་མཁའ་ལ་གཟུགས་ཀྱི་འཇའ་རིས་གར་ལ་བསྐྱོད་པའི་ལྷ་ཚོགས་མགུ།།
མཚོ་མོ་སྐྱོམས་ཤིང་ཡོར་གྲུ་འདར་བའི་ཚོར་བ་གདུ་བའི་རླངས་པ་འཕྱུར།།
མེ་ཏོག་གེ་སར་སོ་ཕྲེང་འཛུམ་པའི་མིག་དག་ཡིད་འོང་རི་དྭགས་མ།།
སྡིག་ཆེན་རྔོན་པའི་མེ་མདའི་དཔུང་བ་མིག་ཆུའི་མུ་ཏིག་དཔུང་རྒྱན་ཅན།
མཚན་མོའི་སྦུབས་ན་བརྩེ་བའི་གདུང་བས་ཆུ་ནས་འཕག་པའི་གཤོག་རྡེབ་བྱེད།།
འདུ་དང་གྱེས་ལ་ན་ཟུག་གཟེར་བའི་དམྱལ་བའི་འཕྲེང་རིམ་བཅོ་བརྒྱད་ནས།།
རྟ་མཆོག་བང་གིས་རྨིག་སྒྲ་ཁྲོག་ཁྲོག་ཚིག་གི་མདུད་པ་གྲོལ་བ་ན།།
སྤྲིན་དཀར་འདུ་ལོང་གདུགས་ཀྱི་ངང་གིས་བསིལ་བའི་བདུད་རྩི་བསམ་མི་ཁྱབ།།
ཁ་ཐག་རི་དང་གཙང་བོས་ཆོད་པའི་དྲན་པའི་དམུ་ཐག་དར་སྐུད་ཀྱིས།།
བར་ཐག་སེམས་དང་བསམ་པས་སྦྲེལ་ཏེ་བརྩེ་བའི་དྲོད་འཁྱག་དབྱར་མ་དགུན།།
རླུང་དང་གཙང་བོ་ཁྲོས་པ་དང་གིས་གཤོག་པ་དར་ལྕོག་ཁྲོབ་ཁྲོབ་ཁྲོབ།།
བར་རེར་འཇགས་པའི་འོ་ཞོ་བཏུང་བའི་སྐྱིད་ཀྱི་གཡང་ཁ་ལྷོད་ལྷོད་ལྷོད།
སྒྱུ་མའི་སྣང་བ།
མི་རྟག་སྣང་བ་གློག་འགྱུ་བཞིན།།
ག་ལེར་འཚེར་ཞིང་ག་ལེར་ཡལ།།
འདི་སྣང་མཛེས་པར་ཞེན་པ་ལ།།
སྨྲེང་བའི་རྡོ་གཅལ་བྲང་ལ་གླན།།
དགའ་ན་དགེ་བའི་རྒྱུ་བསྒྲུབ་པ།།
སྡུག་ན་རང་བློ་འཚེ་ལ་དྲངས།།
མ་བྱས་ལས་ཀྱིས་བགོས་པ་ཡི།།
ག་ཞ་སྒྲོག་པ་འཕུང་བའི་གཞི།།
རང་མདོག་སྟོན་ལ་མཁས་པ་དེ།།
གྲིབ་མའི་ཁྲོད་ཀྱི་ཆུ་རིས་བཞིན།།
རང་མཚང་ཕྱི་ལ་བརྟོལ་བ་ཡིས།།
གཅམ་བུའི་ཚིག་གི་ཕྱི་གཏིང་བྲི།།
ཅི་ལྟར་རང་བློ་འཁེལ་བ་ཡིས།།
དེ་ལྟར་ཉེས་ལ་ངར་འཛིན་པ།།
གཅེས་པར་ཉར་བ་གང་ཡིན་པ།།
ཤོར་བར་སླ་བ་དངོས་པའི་གཤིས།།