本版导航 各版导航 视觉导航 标题导航 以往报纸

འགལ་ འདུ།

ཀོང་མེ་བཙའ། [ཅོ་ནེ]

藏文报 新闻    时间:2017年09月23日    来源:藏文报

    བརྩེ་བའི་རྗེས་ཆགས་དུང་སེམས་ཆུ་འཛིན་ཟོལ་གྱིས་ཟིམ་ཟིམ་སྦྲང་ཆར་མཁའ་ནས་བབས།།
འདས་ཟིན་མེས་པོ་གངས་རིའི་གཟུགས་ཀྱིས་རེ་ལྟོས་དབུ་འཕང་དགུང་ལ་སྙེག།
རྒྱང་བཞུད་ཕུགས་འདུན་གཙང་ཆུར་རྫུས་ནས་ཞི་བདེ་རྒྱ་མཚོར་ངང་གིས་བཞུར།།
བུ་ངའི་མཚེར་ས་སྨན་ལྗོངས་འདིས་ཀྱང་འཛམ་གླིང་གོ་ལ་སྔས་སུ་བྱས།།

རི་མོ་མཁས་པའི་པུར་གྱིས་མ་ཟིན་མཛེས་སྡུག་རི་མོ་འདི་ན་གསལ།།
སྙན་ངག་མཁས་པའི་ངག་གིས་མ་རེག་སྙན་འཇེབས་འགྱུར་ཁུག་འདི་ན་མཆིས།།
བློ་རིག་རྒོད་པོའི་རྩལ་གྱིས་མ་ཟིན་རྩོམ་རིག་འབྱུང་ཁུངས་འདི་ན་འཁྱིལ།།
བདག་ཡིད་དུང་བ་རླབས་བཞིན་འཕྱུར་ནས་སོར་མོའི་འདབ་མ་ངང་གིས་རྩེན།།

མཐིང་སྨུག་སྦྲ་ཆུང་ཀེར་རེར་འགྱིང་ནས་བདེ་ལྡན་ཞིང་ལ་ཚེམས་འཕྲེང་ངོམ།།
ནས་ཞིང་སྔོན་མོའི་མགོ་ལྕོག་གཡོ་བས་ཆུ་གཏེར་ཆེན་པོའི་རླབས་ལ་འཕྱ།།
རོང་འབྲོག་འཚོ་བའི་གསོག་འཇོག་འདི་ཀོ་རྣམ་སྲས་མཛོད་ལ་འགྲན་པ་བཞིན།།
ཚ་གྲང་དཀའ་སྡུག་སྲོག་ལ་བབ་ཀྱང་བརྩོན་པའི་རེ་ཐག་རྒྱུན་མ་ཆད།།
རི་མཐོ་ས་གཙང་ཆོས་ལྡན་ཞིང་གི་བསིལ་མོའི་ཚལ་གྱི་ཡུལ་ལྗོངས་ན།།
སྲོང་བཙན་སྒམ་པོའི་རྒྱུད་ལས་འཁྲུངས་པའི་རིགས་རྒྱུ་མེ་ཏོག་བཞད་པའི་ཚེ།།
དགའ་སྤྲོའི་ཚེམས་འཕྲེང་ཕྱི་ལ་ངོམ་ནས་སྣ་ཚོགས་གོས་ཀྱིས་བརྒྱན་པས་ན།།
དཔྱིད་ཟླ་ཞིག་གི་དཔལ་ཡོན་ཤར་ལ་དབྱར་ཉིན་ཞིག་གི་དྲོད་སྐྱིད་ལྡན།།

རླུང་ཁའི་དར་ལྕོག་གཟིམ་པ་མེད་ཀྱང་ནམ་ཞིག་ཟད་པའི་ཆོས་ཉིད་ལྟར།།
སྟོན་ཁའི་ལོ་མར་སེར་ཐིག་བབ་ཀྱང་ཕྱིར་མིག་འཛུམ་ཆུང་སྟོན་ཙམ་གདའ།།
འཇིག་རྟེན་ལས་ལ་ཁོམ་པ་མེད་ཀྱང་ནམ་ཞིག་འགྲུབ་མེད་རྒས་པ་ལྟར།།
མི་རྟག་ཆོས་ཉིད་མིག་ཏུ་འཚེར་ཡང་འཇའ་གཟུགས་རི་མོ་འཚོལ་ལ་བྲེལ།།

མུན་ནག་གཤོག་པ་མཁའ་རུ་བརྐྱངས་ནས་མག་མོག་འཇིག་རྟེན་སྒྲིབ་པའི་ཚེ།།
རྒྱུག་སྐར་ཁྲ་ཆིལ་འབུམ་གྱིས་རེ་བའི་བསིལ་ཟེར་འོད་དཀར་འཕྲོས་པས་ན།།
ལྐོག་གྱུར་ལོ་རྒྱུས་མིག་ཏུ་འཚེར་བས་འཇིག་རྟེན་འགལ་འདུའི་རླབས་གཉེར་ཀྱང་།།
ཡིད་ཀྱི་ཟབ་སའི་མཚོ་རུ་འཕྱོ་བས་དཔྲལ་བའི་རི་མོ་འཕེལ་ཞིང་རྒྱས།།