བས་ མཐའ་ བ།
ལྷ་མོ་བཀྲ་ཤིས། [གཙོས]
藏文报
作者:
新闻 时间:2017年09月23日 来源:藏文报
སྡུག་བསྔལ་སྡུག་བསྔལ་དུ་མི་སེམས་པའི་ལང་ཚོའི་མཛེས་སྡུག་དགོད་ཁ་ནས་འཛུམ་ཁར། འཚར་ལོངས་ནི་རྟག་ཏུ་གནས་པའི་ཚེ་སྲོག་གི་སྐྱོ་གར་ཞིག་ཏུ་སེམས། རྟོག་པ་ནི་ལྟོས་བཅས་དང་རྟོག་མེད་གཏན་ཚིགས་སུ་འཁྲུལ་བའི་ངེས་ཤེས་བྱུང་ཉིན་ནས། བཀྲ་ཤིས་དང་བདེ་ལེགས་ཀྱང་ཁ་གཡང་ཙམ་དུ་འདོད། འཕྲུལ་བའི་རྨི་ལམ་གྱི་འཇིག་རྟེན་དེ་ཡང་མངོན་སུམ་དུ་འཛིན་པའི་དཔྱོད་ཤེས་ལ་དད་པའི་སྟོབས་ཀྱིས་ཟད། ཡོད་ཚད་ལ་ཚོན་མདངས་ཉམས་པས་འདུ་ཤེས་སུ་དཀར་ནག་གི་སེམས་བྱུང་དབེན། ཚོར་ཤེས་ཚོར་ཤེས་སུ་མ་ཆགས་པའི་འགལ་འདུ་ལྷག་པར་རྒོད། རྣམ་དཔྱོད་ལ་སྨག་ནག་གི་གྲིབ་མས་བཀབ་པས་ལུས་པོ་ནི་རྣམ་ཤེས་ཀྱིས་དབེན་པའི་བེམ་རོ་བཞིན། རང་ཉིད་འབྱུང་བོ་རུ་འཁྲུལ་བས་ཚེ་སྲོག་གི་རྒྱུན་ལ་རགས་ཀྱིས་གཅོད་དགོས་པའི་འདོད་འདུན་སྐྱེས། ཁོས་དེ་ལྟར་སྒོམ་གྱིན་མིག་ཆུ་ཁུར་ཏེ་སྐྱི་ཡ་བའི་འཇིག་རྟེན་གྱི་ལྷག་རོ་འདིར་བདེ་མོ་འཇོག་རྩིས་བྱས།
ཉི་འོད་སྨག་རིམ་གྱིས་བསྒྲིབས་པའི་དགུན་ཟླའི་ལྷགས་པར་འཇིགས་སྣང་ཆེ། འཁྱགས་རོམ་ལ་མུན་པའི་ལྷང་འཇགས་བསྩལ་བས་འཇིག་རྟེན་འདིར་གློ་བུར་དུ་འཕེལ་བའི་གྲང་རེག་གི་དམྱལ་ཁམས་ཤིག་བབས། གང་ལྟར་ཡོད་ཚད་ལ་བདེ་མོ་འཇོག་རྩིས་ཀྱི་སེམས་ཀྱི་ན་ཟུག་ཞིག་བས་མཐའ་བའི་ཁེར་རྐྱང་གིས་མནར་བའི་མིག་ཆུའི་མཐའ་ལ་ལྷུང་། ཁོར་ཡུག་ནི་དེ་ལྟར་སྡུག་པ་དང་མི་སྡུག་པའི་ཀློང་ན། ཚེ་སྲོག་གི་འཕེལ་འགྱུར་རྒོད་པའི་སེམས་ཀྱི་གཤིས་ལུགས་ལ་མཁྲེགས་པའི་ཨུ་ཚིགས་ཀྱིས་བཏུམས། དུས་ཀྱི་བཞུར་རྒྱུན་ལ་གསར་དར་གྱི་མེ་ཏོག་བཀྲ་བས་རིམ་བཞིན་མེས་པོ་ཚོ་ཡང་བས་མཐའི་གཞི་ན་ཕྱིར་མིག་གི་དྲན་པས་ཕོངས། དེ་ཉིད་དུ་ཨུ་ཚིགས་ཀྱང་ཨུ་ཚིགས་སུ་མི་མཐོང་བའི་བདེན་གྲུབ་ཀྱི་སྣང་བ་ཞིག རྟག་ཏུ་མནར་བའི་བས་མཐའ་བའི་རྒྱུ་འབྲས་གཏན་ཚིགས་ཀྱི་སེམས་བྱུང་དེར་ཁྲག་གིས་བརྫིས། དུས་བཞི་ནི་རྒྱུན་མཐུད་དུ་གནས་པའི་ཕུང་གཟུགས་གཅིག་ཏུ་འདོད་ཀྱང་། དགུན་དུས་ཀྱི་གྲང་ལྷགས་དང་ལྡན་པའི་སྡུག་བསྔལ་གྱི་ཁྱད་གཤིས་དེས་དེ་ནི་བས་མཐར་སྤྱུགས་འགྲོ་བའི་ལས་བསགས་སྔོན་ནས་བཀོད་ཡོད། རྐྱེན་དབང་གིས་རྒྱུ་འབྲས་ཞེས་པ་ཡང་དགུན་ཟླའི་ཁྱད་གཤིས་ལྡན་པའི་སེམས་ཅན་གང་ཞིག་གི་རྨི་ལམ་དུ་མངོན་པའི་འོད་ཀྱི་སྣང་བ་ཙམ། མཛེས་པའི་སེམས་བྱུང་ཐ་དད་ཀྱི་ལྕགས་རི་ཞིག་བརྩིགས་པས་བས་མཐའ་བ་གྲང་ལྷགས་ཀྱིས་མནར་བའི་ཁེར་ཧྲང་གི་སྡུག་བསྔལ་གྱི་ཁྲོད་ན། དཀར་སོབ་སོབ་དུ་གྱུར་པའི་རང་ཉིད་ཀྱི་རུས་རྐང་ལ་བལྟ་ཞོར། ཉམས་ཐག་པའི་རྣམ་ཤེས་ཀྱི་མཛེས་པར་ཡིད་སྨོན་བགྱིས།
རྫུན་བག་གི་སྨུག་རླུང་འཐུབ་པས་བདེན་དངོས་ཀྱི་རི་རབ་ཡུན་གྱིས་ནུབ། དབྱར་གཞུང་ནས་བཀྲོལ་བའི་ཁུ་བྱུག་གི་གསུང་སྙན་དེ་ཡང་སྨུག་པར་འཐིམས་པའི་ལྷགས་པས་བསྡམས། ཡོད་ཚད་འཇམ་ཅག་གེར་འཆི་བདག་གིས་ཕབ་པའི་ཚེ་སྲོག་གི་དུར་ཁྲོད་བཞིན། བས་མཐའ་བའི་འོད་དུ་འཚེར་བའི་རྨི་ལམ་གྱི་མཐའ་ཡང་སྣུབ་ཙམ་བྱེད། ཁོས་འོད་ཟེར་ཁུར་ཏེ་ཁེར་ཧྲང་གི་ལམ་གར་བུད། གསོན་ཤུགས་དང་བྲལ་བའི་འཆི་བདག་གི་འཇིག་རྟེན་འདིར་ཆང་ལྷའི་འདོད་ཞེན་གྱི་དགའ་སྤྲོས་ཁྱབ། ལྷགས་རླུང་ཐེབས་པའི་མི་ཚོགས་ཀྱི་གདོང་བར་དམར་ཁ་གད། ཡུན་ཙམ་དུ་ཡོད་ཚད་འཁྱག་རོམ་གྱིས་བསྡམས་པའི་སེམས་ཀྱི་འཇིག་རྟེན་ལ་རྨི་ལམ་གྱི་འོད་སྣང་ཕྲན་ཙམ་ཟིན། བས་མཐའ་བ་དགའ་ལྷང་ལྷང་དུ། འཆོང་ལྡིང་གི་འཕེལ་འགྲོས་མེད་པའི་སེམས་ཀྱི་ཕུང་བོ་ཡང་འགུལ་ཙམ་བགྱིས། འོན་ཏེ་གློ་བུར་དུ་ཆང་ལྷའི་ཟང་ཟིང་གི་འདོད་པའི་འདུ་འཛི་ལྷང་འཇགས་ཀྱིས་བཀུམས། བས་མཐའ་བས་སྔར་བཞིན་མི་ཚོགས་ལ་བལྟ་ཞོར། ཆང་ལྷ་ཡིས་བསྩལ་བའི་མི་ཚོགས་ཀྱི་འདོད་པའི་འཛུམ་མདངས་ལ་བལྟ་ཞོར་སེམས་སུ་སྡུག་བསྔལ་གྱི་ཆར་རླུང་ལྡིང་། བས་མཐའ་བ་དེ་ལྟར་མི་ཚོགས་ཀྱི་འདོད་ཞེན་གྱི་ཕུང་བོའི་ཁྲོད་ནས་བས་མཐར་བཅུག།