མཐུན་སྒྲིལ་མཉམ་འབད་དང་གོང་འཕེལ་མཉམ་བརྩོན།
ཐེ་བོ་རྫོང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་བསྐྲུན་པའི་བྱ་བའི་དངོས་བྲིས།
藏文报
作者:
新闻 时间:2018年04月14日 来源:藏文报
ཀན་ལྷོ་ནི་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་ཞིག་ཡིན་ཏེ། གནས་འདི་ནས་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རིག་གནས་དང་ངོ་མཚར་ཆེ་ལ་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་འཛོམས་པས། དུས་རབས་གསར་བའི་དཔྱིད་རླུང་གིས་ཀན་ལྷོའི་ས་གཞི་ཆེན་པོར་ལྗང་འགྱུར་དུ་བཏང་བ་དང་། ཀན་ལྷོའི་རྩྭ་ཐང་ཆེན་པོའི་རིགས་སོ་སོའི་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་བྱུང་།
རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་གསར་སྐྲུན་བྱེད་པའི་བྱ་བ་འགོ་བརྩམས་པ་ནས་བཟུང་། ཐེ་བོ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཚད་མཐོན་པའི་འཆར་འགོད་དང་སྣེ་ཁྲིད་བྱེད་པ་དང་། རིམ་པ་སོ་སོའི་སྡེ་ཁག་གིས་སྤྱི་ཡོངས་མཉམ་འགུལ་བྱས་ཏེ། ཕྱོགས་ཡོངས་ནས《ཀན་སུའུ་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་སྐྲུན་བྱ་འགུལ་གྱི་འཆར་འགོད་རྩ་གནད》དང 《ཀན་ལྷོ་ཁུལ་གྱི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ལག་བསྟར་བྱེད་པའི་བསམ་འཆར》དང 《ཐེ་བོ་རྫོང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་ལག་བསྟར་བྱེད་པའི་འཆར་འགོད》བཅས་ཀྱི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་བྱས་ནས། “ལས་གྲྭ་ཆེན་པོ་དགུ”ཡིས་སྣེ་ཁྲིད་དེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པ་དེ། “སྡེ་ཁག་དང་ཁེ་ལས། ཤང་གྲོང་། སྡེ་ཁུལ། སློབ་གྲྭ དགོན་པ། དམག་སྒར། སྨན་ཁང”བཅས་སུ་སྐྱོད་པའི་བྱ་འགུལ་སྤེལ་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་གསར་སྐྲུན་བྱེད་པའི་བྱ་འགུལ་སྤེལ་བའི་ཁྲོད། མི་རིགས་སོ་སོས“མཐུན་སྒྲིལ་མཉམ་འབད་དང་གོང་འཕེལ་མཉམ་བརྩོན”གྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། མི་རིགས་སོ་སོ་འཆམ་མཐུན་མཉམ་གནས་ཀྱི་སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་ངལ་བསལ་བ་དང་། འཆམ་མཐུན་གོང་འཕེལ་གཏོང་བར་སྐུལ་སྤེལ་བྱེད་པ་གཙོ་སྐུལ་བྱས་ཏེ། འཕེལ་རྒྱས་ཆེན་པོ་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་བཏང་ནས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་ཁུལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་འབྱུང་བར་སྐུལ་སྤེལ་བཏང་།
ཐེ་བོ་རྫོང་གིས་གསར་བརྗེ་རིག་གནས་དང་སྐྱེ་ཁམས་ཐོན་ཁུངས། དམངས་སྲོལ་རིག་གནས་བཅས་སྣ་མང་ཅན་གྱི་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱས་ཏེ། “རིག་གནས་ཀྱིས་སྣེ་ཁྲིད་བྱེད་པ”གཙོ་གནད་དུ་བརྩིས་ནས། སྡེ་ཁག་སོ་སོ་དང་ལས་རིགས་སོ་སོར་སྐུལ་སློང་བྱས་ཏེ་ཁྱད་ལྡན་རིག་གནས་ཐོན་ཁུངས་སྔོག་འདོན་བྱས། 《འབྲུག་དཀར་གཙང་བོ་འབབ་རྒྱུད་ཀྱི་བོད་ཀྱི་རིག་གནས་དཔེ་ཚོགས》དང《པཎ་ཆེན་སྐུ་ཕྲེང་བཅུ་བ་ཐེ་བོ་རྫོང་དུ་ཕེབས་པ》དང《དམར་མདོག་གི་དྲན་ཤེས - དམར་དམག་རྒྱང་སྐྱོད་སྐབས་སུ་ཐེ་བོར་ཡོད་པའི་ལོ་རྒྱུས་ཀྱི་ཡིག་རིགས་གཅེས་བསྡུས》དང《ཐེ་བོའི་དམར་དམག་རྒན་པའི་དྲན་གསོའི་དཔེ་དེབ》བཅས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ་དང་མི་རིགས་མཐུན་སྒྲིལ་དང་དམག་དམངས་བར་གྱི་ཉ་ཆུ་ལྟ་བུའི་འབྲེལ་བའི་རིག་རྩལ་ལས་ཚན་པར་སྐྲུན་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཐད་ཁྱད་ཆོས་ལྡན་པར་བཏང་།
ཆེད་སྤྱོད་གྲོན་དངུལ་སྒོར་ཁྲི 50བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་ངང་ཚུལ་ལེགས་པོ་བསྐྲུན། སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པའི་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་པར་བཏང་སྟེ། ལས་བྱེད་པ་དང་མང་ཚོགས་ཀྱིས“མི་རིགས་སོ་སོ་ཕན་ཚུན་སྤེལ་རེས་དང་མཛེས་པའི་ཁྱིམ་གཞིས་མཉམ་སྐྲུན”བྱེད་པའི་སྤྱི་མཐུན་གྱི་ལྟ་བ་ཆགས།
འཆམ་མཐུན་གོང་འཕེལ་དར་སྤེལ་བཏང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་སྐྲུན་བྱ་འགུལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་བསམ་བློའི་ངོས་ཟིན་ཇེ་བརྟན་དུ་ཆགས་སུ་བཅུག་པ་དང་། མི་རིགས་མཐུན་སྒྲིལ་གྱི་ངང་ཚུལ་བཟང་བོ་བསྐྲུན་ཆེད། རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་སྤྱི་ཚོགས་ཁོར་ཡུག་ལ་སྲུང་སྐྱོང་དང་འཆམ་མཐུན་ཡོང་བར་བརྩོན་པ་དང་། མིག་དཔེ་བཙུགས་པ་དང་འཆམ་མཐུན་སྐུལ་བའི་དྲིལ་བསྒྲགས་བྱེད་སྟངས་སྤྱད་དེ་ཕྱོགས་ཡོངས་ནས་སློབ་གསོ་བྱས། ཤུགས་ཡོངས་ཀྱིས་རྫོང་སྤྱི་བདེ་ཅུས་དང་རྫོང་འཕྲོད་བསྟེན་ཅུས། རྫོང་བོད་རིགས་སློབ་འབྲིང་། རྫོང་བོད་སྨན་ཁང་། དབང་བཟང་གྲོང་རྡལ་བཅས་གཙོ་གནད་དཔེ་སྟོན་སྡེ་ཚན 8གསར་སྐྲུན་བྱས་ཏེ། “གཅིག་བརྒྱད”ཀྱི་ཚད་གཞི་ལྟར་དཔེ་སྟོན་སར་ལྟ་སྐུལ་ཞིབ་བཤེར་དང་མཛུབ་སྟོན་བྱས་ཤིང་། “དཔེ་སྟོན་སྡེ་ཚན”དང“དཔེ་སྟོན་སྡེ་བ”དང“དཔེ་སྟོན་ཁྱིམ་ཚང”ལ་གཟེངས་བསྟོད་བྱས་པ་དང་། མཐུན་སྒྲིལ་ཡར་བརྩོན་དང་སྙིང་སྟོབས་ཆེར་སྐྱེད་ཀྱི་ཧུར་བརྩོན་ནུས་ཤུགས་གོང་བུར་ཆགས་སུ་བཅུག་སྟེ། “མི་རིགས་སོ་སོ་མཐུན་སྒྲིལ་མཉམ་འབད་དང་དར་རྒྱས་གོང་འཕེལ་མཉམ་བརྩོན”བྱེད་པའི་བསམ་བློའི་འདུ་ཤེས་མི་རྣམས་ཀྱི་སེམས་སུ་ཟུག།
(གསར་འགོད་པ་དཔལ་མོས།)