གཞས་ ཆུང་ དྲུག་ འགྱུར།
རྫས་ལུང་ཚེ་དར། [ཀླུ་ཆུ]
藏文报
作者:
新闻 时间:2018年04月14日 来源:藏文报
རི་ལ་དར་ལྕོག་བཙུགས་ཡོད།།
དར་ལ་གཟུངས་སྔགས་བྲིས་ཡོད།།
ལས་ཀྱི་རི་མོ་ཡག་པོ།།
འགྲུབ་པའི་སྨོན་ལམ་བཏབ་ཡོད།།
ཟླ་བ་མཁའ་ལ་འཕགས་ཡོང་།།
གྲིབ་མ་ས་ལ་འཁྱིལ་ཡོད།།
ཡིད་ཀྱི་གཞས་ཆུང་དྭངས་མོ།།
ཟླ་བའི་གཙང་བོར་འདྲེས་སོང་།།
ཁ་ཚིག་ཁ་ནས་ཤོར་སོང་།།
གསང་ཚིག་གསེང་ནས་ལྷོད་སོང་།།
ཤ་འཇམ་ཚར་དཀར་ཨ་ལོང་།།
ལུས་ལ་གྱོན་ལོང་མ་བྱུང་།།
ལང་ཚོ་སྐྲ་ལ་མདུད་ཡོད།།
སྐྲ་ལོ་ཆུ་ལ་བཀྲུ་དགོས།།
ཆུ་མོ་ཐན་པས་སྐམ་པས།།
ལང་ཚོའི་མྱུ་གུ་རྙིད་སོང་།།
ཨ་ཇོ་རི་ན་ལུས་ཡོད།།
རི་ན་ལྡུམ་བརྐོ་མང་བ།།
ང་རང་རི་ལ་འཛེགས་ན།།
རི་མིའི་འཇོར་ལ་སྐྲག་གི།།
སྒྲོལ་མའི་སྒོ་དར་དཀར་བོ།།
སྦྲ་ནག་ཀ་བར་མདུད་ཡོད།།
སྦྲ་ནག་གུར་ལ་བརྗེ་ན།།
ང་ཡི་སྲུང་མདུད་མ་འབོར།།
གྲི་ཆུང་གློ་ནས་མ་འདོར།།
རྟ་ཕོ་རི་ལ་མ་གཏོང་།།
རྣམ་རིག་གློག་གི་འཁྱུག་གར།།
རལ་བའི་རྩེ་ལ་བཏགས་ཤོག།
འདོད་པའི་ཧམ་པ་མ་ཆེ།།
ནོར་གྱི་བྲན་ལ་མ་འགྲོ།།
སྒོར་གྱི་རྔམ་ཁ་མཐུག་པོས།།
ཡིད་ཀྱི་དམ་ཚིག་བསླུས་འགྲོ།།
ཕ་མས་གནང་བའི་ལུས་རྟེན།།
མཛེས་པའི་ཏོག་ཏུ་མཐོང་ཡོད།།
ལྷན་སྐྱེས་གསེར་གྱི་གཤིན་ས།།
གཅེས་པའི་མར་ལོ་ལོས་ཡིན།།
ཕྱི་དྲོ་ལས་ཚོགས་གྲོལ་ན།།
དེང་མའི་གནས་ནས་སྒུག་ཆོག།
བོད་ཚར་དྲོན་མོ་གོན་ནས།།
སྙིང་གཏམ་རུམ་ལ་བསྡུས་ཡོང་།།
སང་ཉིན་སྦྲང་ཆར་བབས་ན།།
གནང་ཉིན་འཇའ་ཚོན་ཤར་ན།།
འཛོམས་པའི་དགྱེས་གླུ་རིང་མོ།།
ཐ་ལ་ལ་མོར་དྲངས་ཆོག།