本版导航 各版导航 视觉导航 标题导航 以往报纸

ཞི་ཅིན་ཕིང་དང་ཐི་ལོས་ཧྲ་མེས་གཉིས་ཀྱིས་སོ་སོར་ཀྲུང་གོ་དང་དབྱིན་ཇིའི་སྲིད་ ཏང་གྲོས་མོལ་ལོ་འཁོར་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་བ།

藏文报 新闻    时间:2018年04月14日    来源:藏文报

    ཟླ 4 བའི་ཚེས 10ཉིན་ལ། སྐབས་བཅུ་བའི་ཀྲུང་གོ་དང་དབྱིན་ཇིའི་སྲིད་ཏང་གྲོས་མོལ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབྱིན་ཇིའི་བག་ཁུམ་ཏང་གི་གཙོ་འཛིན། སྲིད་གཞུང་གི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མེས་གཉིས་ཀྱིས་སོ་སོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།
    ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་དབྱིན་ཇིའི་སྲིད་ཏང་གྲོས་མོལ་ཚོགས་ནས་ལོ་འཁོར་བཅུ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་སྲིད་ཏང་དང་ཆབ་སྲིད་པས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་ཡོངས་ཁྱབ་ཏུ་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། ཀྲུང་གོ་དང་དབྱིན་ཇི་གཉིས་བར་གྱི་འབྲེལ་བ་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བར་ནུས་བ་བཟང་བོ་བཏོན་པ་མ་ཟད། ཀྲུང་གོ་དང་དབྱིན་ཇིའི་བརྗེ་རེས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
    ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀྱི་སྲིད་ཏང་དང་ཆབ་སྲིད་པས་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དམ་དུ་བཏང་སྟེ། ཕན་ཚུན་བར་བརྩི་འཇོག་དང་ཕན་ཚུན་བར་སློབ་སྦྱོང་། ཕན་ཚུན་བར་དཔྱད་གཞིར་འཛིན་པ་བཅས་ཀྱི་རྣམ་པ་གསར་བའི་སྲིད་ཏང་འབྲེལ་བ་འཛུགས་པར་འཚོལ་ཞིབ་བྱ་དགོས་པའི་བླང་བྱ་བཏོན་པ་མ་ཟད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་དབྱིན་ཇིའི་སྲིད་ཏང་གྲོས་མོལ་ལོ་འཁོར་བཅུ་ལོན་པ་དང་བསྟུན་ནས། ཀྲུང་གོ་དང་དབྱིན་ཇིའི་དུས་རབས་ཉེར་གཅིག་པར་ཁ་ཕྱོགས་པའི་འཛམ་གླིང་གི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྟོབས་ཤུགས་གསར་བ་སྣོན་པ་དང་། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།
    ཐི་ལོས་ཧྲ་མེས་ཀྱིས་བཤད་རྒྱུར། ད་ལོ་ནི་དབྱིན་ཇི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བའི་ལོ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཆེས་བཟང་བའི་དུས་སྐབས་ཤིག་ཏུ་བསླེབས་ཡོད། དུས་རབས་ཉེར་གཅིག་པར་ཁ་ཕྱོགས་པའི་འཛམ་གླིང་གི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་གསོན་ཤུགས་རྒྱས་པ་མ་ཟད། དབྱིན་ཇི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དེ་ཕྱོགས་གཉིས་ལའང་དོན་སྙིང་གལ་ཆེན་ལྡན། ཕྱོགས་གཉིས་ཀྱིས་མཉམ་དུ་དབྱིན་ཇི་དང་ཀྲུང་གོའི་སྲིད་ཏང་གྲོས་མོལ་ལོ་འཁོར་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྐབས་འདིར། དབྱིན་ཇི་དང་ཀྲུང་གོའི་སྲིད་ཏང་གྲོས་མོལ་གྱིས་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་པ་ལྷན་དུ་འཛོམས་ཏེ། རང་སོ་སོའི་རྒྱལ་ནང་གི་འཕེལ་རྒྱས་དང་ཕྱོགས་གཉིས་ཀྱི་འབྲེལ་བ། རྒྱལ་སྤྱིའི་གནད་དོན་བཅས་ཐད་ནས་གྲོས་བསྡུར་ཟབ་མོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཇུས་ཆོད་པའི་བར་གྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། ཡུན་རིང་གི་མཛའ་བཤེས་འཛུགས་པ་སོགས་ཐད་ལ་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱ་དགོས།།
   
       (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འཕྲིན་ལྟར།)