本版导航 各版导航 视觉导航 标题导航 以往报纸

ཚེ་ ཡི་ དར་ ཤིང་།

藏文报 新闻    时间:2018年05月16日    来源:藏文报

    ལ་ལུང་བརྒྱུད་པའི་ཆུ་བོ་ཀྱ་མ་ཀྱུ།། 
ཤེད་ཀྱིས་མ་འབབ་ལྷོད་ཀྱིས་བཞུར་ལ་ཤོག།
སྐྱེས་ནས་ཟད་པའི་ལུས་པོའི་སྦུབས་རྒྱ་རུ།།
ཁྱེད་དང་འདྲེས་པའི་ཁྲག་གི་རྒྱུ་བ་ཡོད།

རི་ལ་འཁོར་བའི་གླག་རྒོད་འཕུར་མ་ལྡེམ།།
སྐྱེན་པོར་མ་འཕུར་དལ་གྱིས་འཁོར་ལ་སྡོད།།
སད་ནས་གཉིད་པའི་དྲན་པའི་ཀློང་དབྱིངས་ན།།
བྲག་ལ་བཀོད་པའི་འཚོ་བའི་བྲིས་རིས་ཡོད།།

ཁ་མ་ཆར་གྱི་རླུང་བུ་བསིལ་མ་གྲང་།།
དྲགས་པོར་མ་གཡུག་འཇམ་མེར་ལྡང་ཙམ་ལྡང་།།
གྲགས་ནས་བརྣངས་པའི་མགྲིན་པའི་བུ་ག་རུ།།
འགྲེང་ནས་འགྱེལ་བའི་ཚེ་ཡི་དར་ཤིང་ཡོད།།

སྤང་ན་བཞད་པའི་མེ་ཏོག་ལྡ་མ་ལྡེམ།།
སྒུར་ནས་མ་འདུག་ཀྲོང་ངེར་འགྲེང་ལ་རེམ།།
དར་ནས་ཉམས་པའི་ལང་ཚོའི་དར་རྒུད་ལ།།
ཉིན་གཅིག་དགའ་བ་ལས་ཀྱི་ཚེ་ནོམ་ཡིན།།

དགའ་ལ་ཕངས་པའི་ལོ་ཟླ་རྒྱུག་མ་འདུར།།
ལྐོག་ནས་མ་བཞུད་མངོན་པར་གདོང་ལ་གཏོད།།
བསགས་ནས་འཛད་པའི་འཇིག་པའི་མི་ཡུལ་ནས།།
བཙལ་དང་འཚོལ་བའི་ཐོབ་ཤོར་སེམས་ལ་གསལ།།

སྤྲོ་ལ་སྐྱོ་བའི་ཕུང་བོ་ཡ་མ་ཡོར།།
རང་ལ་གཡར་བའི་རྒྱུ་དངོས་འདང་ཆེན་ཞིག།
ལུས་སེམས་དཀར་ནག་བས་མཐའི་འགག་ཕྲེང་དེར།།
དུས་ཆད་ཉིན་ལ་ཚང་རྩིས་རྒྱག་དགོས་གདའ།།

ཞེན་ལ་སྨྲེང་བའི་ཚོར་བ་ཐ་མ་ཐུན།།
བྲེལ་གྱིས་མ་བསམ་ཞིབ་ཀྱིས་སོམས་ལ་སྲུང་།།
གསལ་ནས་སྒྲིབ་པའི་དུས་ཀྱི་འཆར་ནུབ་ལ།།
ངུ་དགོད་དབྱངས་ཀྱི་བྲག་ཅ་ཡུན་གྱིས་གྲགས།།

རིང་ལ་ཉེ་བའི་དམིགས་པ་སྒྲིམ་མ་ལྷོད།།
ལྷོད་ལེར་མ་འདུག་སྒྲིམ་མོར་གོམས་ལ་བྲེལ།།
སྤྲོ་ནས་སུན་པའི་རིང་མིན་བགྲོད་པའི་ལམ།།
ལངས་ཀོག་ནུར་འགྲོའི་རྔུལ་ཆུ་གང་དུ་ཟགས།།

མང་ལ་ཉུང་བའི་ཐ་སྙད་ཤི་མ་གསོན།།
ཤི་ལ་མ་སྒུག་གསོན་ལ་མིག་གིས་འཚོས།།
འགྲེངས་ནས་ལྟོགས་པའི་ཕོ་བའི་གཅོང་ནད་དེར།།
ཚེ་བསྲིངས་བདེ་བྱེད་སྨན་མཆོག་སྙན་རོའི་ཚིག།
ཁོམ་ལ་མི་ཁོམ་མི་ཚེ་གྲིམ་མ་ལྷོད།།
ཧད་ནས་མ་འགྱང་བློ་རྩེ་གྲིམ་ལ་གཞོལ།།
འཆར་ནས་ནུབ་པའི་བྱ་ལས་ཐོབ་མ་ཤོར།།
སུ་དང་གང་གིས་མཚོན་མིན་རང་ལ་དབང་།།

རྟག་ལ་མི་རྟག་མི་སེམས་དཀར་མ་ནག།
དམིགས་པ་མ་ནོར་ལམ་གཅིག་རྡོག་པས་ནོན།།
བསགས་ནས་འཛད་པའི་དགེ་སྡིག་བདེ་མ་སྡུག།
གར་སོང་སེམས་ལ་ལམ་སྣེ་རྡོག་པས་ཟིན།།

སྐྱིད་ལ་སྡུག་པའི་མི་ཡི་འཁོར་བ་འདི།།
རྒྱ་རྙིས་བསླུས་པའི་ལྐོག་གཡོ་ཆེན་པོ་ཞིག།
མ་དག་རིང་ནས་གོམས་པའི་མནོ་བསམ་དེ།།
གདོད་ནས་ནད་རྙིང་ལྕི་མོས་དམ་ལ་བཏགས།།

ཕྲ་ལ་སྦོམ་པའི་ངུ་སྐད་སྙན་མ་འཛེར།།
ཨ་འཐས་རྒན་མོའི་གནམ་གྱི་བཀོད་པ་ཡིན།།
རྙེད་ནས་བོར་བའི་མི་ལུས་བཙན་མ་གཉོམ།།
དོན་མཐུན་མི་ཡི་ཚོང་ཟོག་བྲིན་པོ་ཆེ།།
(ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་མ་ཡེ་ཤེས་དཔལ་ལྡན།)