本版导航 各版导航 视觉导航 标题导航 以往报纸

མེ་ ཏོག་ གི་ རང་ གཏམ།

藏文报 新闻    时间:2018年05月16日    来源:藏文报

    དབྱར་གྱི་བུ་མོ་ཕ་ཡུལ་གྱི་རྩྭ་ཐང་དུ་སླེབས་ཐེངས་རེར་ང་ནི་ཆོས་ཉིད་ཟབ་མོས་ཁོ་མོར་བཏགས་པའི་རྒྱན་ཆ་ཕལ་བ་ཞིག་སྟེ། མེ་ཏོག་ཆུང་ཆུང་ཞིག་ཡིན།
    དབེན་ཐིང་གི་རྩྭ་ཐང་ཞིག་ནས་ང་ཡི་ལང་ཚོར་བཀྲག་མདངས་རྒྱས་ཤིང་། གྱ་གྱུའི་འགྲོས་དང་ལྡན་པའི་ཆུ་ཕྲན་གྱིས་ང་ལ་བསྟོད་ཚིག་གི་གླུ་དབྱངས་གྱེར་མྱོང་ལ། དར་དིར་གྱི་གླུ་དབྱངས་ལེན་པའི་རྐང་དྲུག་གི་ཚོགས་རྣམས་ང་ཡི་མགྲོན་དུ་ཕེབས་ནས་ང་ལ་དུངས་སེམས་ཀྱི་སྒོ་མོ་ཕྱེས་མྱོང་།
    ལྗང་མདོག་གི་ལང་ཚོ་རྒྱས་པའི་དབྱར་གསུམ་གྱི་དཔལ་ཡོན་ཁྲོད། ང་ལ་དེ་བས་ཀྱང་མཛེས་སྡུག་ལྡན་རུང་། སྟོན་མཇུག་གི་སྡོང་ལོ་ཐོལ་གྱིས་ཟགས་དུས། ང་ལ་སད་སེར་གྱི་བསླུ་བྲིད་ཐེབས་ཏེ་ཚེ་སྲོག་གི་དར་སྐུད་གཅོད་མགོ་བརྩམས། ཡིན་ན་ཡང་། ངས་གངས་ལྗོངས་དང་རྩྭ་ཐང་ལ་བཅངས་པའི་བརྩེ་སེམས་ནི་ནམ་ཡང་འགྱུར་མ་མྱོང་། སང་ལོའི་དབྱར་དུས་ང་རང་སླར་ཡང་རྩྭ་ཐང་གི་གྲུ་ཟུར་འདི་རུ་སྐྱེ་རྒྱུའི་འདུན་པ་བརྟན་པོ་བཅངས་ཡོད།
    ལོ་རེ་རེའི་ལྗང་མདོག་གི་རེ་སྨོན་ཁྲོད། ངས་ཕ་ཡུལ་གྱི་རྩྭ་ཐང་ལ་བརྩེ་སེམས་ཀྱི་ལེགས་སྐྱེས་རེ་འབུལ་རྒྱུའི་འདུན་པ་ཡིད་ལ་བཅངས་ཏེ། རིགས་མཐུན་གྱི་གཞོན་ནུའི་ཚོགས་ལ་བརྩོན་འགྲུས་ཀྱི་སྤོབས་པ་རེ་སྣོན་དགོས་སྙམ་སྟེ། དུས་གཏན་དུ་ཁོ་ཚོར་གསོན་ཤུགས་ལྡན་པའི་འཛུམ་ཆུང་མངོན་པ་ཡིན།།
      (གཙོས་བོད་རིགས་སློབ་འབྲིང་གི་སློབ་མ་རིན་ཆེན་བཀྲ་ཤིས།)