ང་དང་《དག་ཡིག་གསར་བསྒྲིགས།》
藏文报
作者:
新闻 时间:2018年05月16日 来源:藏文报
རྙིང་ཞིང་རལ་བར་གྱུར་པའི 《དག་ཡིག་གསར་བསྒྲིགས》འདི་བཀོལ་སྤྱོད་བྱས་ནས་ཕལ་ཆེར་ལོ་འཁོར་དྲུག་ཙམ་འདས་སོང་། དེང་སྐབས། འདས་ཟིན་པའི་ལོ་ཟླ་དེ་དག་ལ་ཕྱིར་འདང་རེ་བརྒྱབ་ན 《དག་ཡིག་གསར་བསྒྲིགས》ཀྱི་བླ་ན་མཐོ་བའི་མཛད་རྗེས་དེ་དངོས་གནས་གཞལ་ཐབས་བྲལ་བ་ཞིག་རེད།
ང་རང་སློབ་ཆུང་སློབ་རིམ་གསུམ་པའི་སྐབས་དེར། ཨ་ཕས་ཁུལ་དོན་གྲུབ་དཔེ་ཁང་ནས 《དག་ཡིག་གསར་བསྒྲིགས》འདི་ཉོས་པ་ཡིན་ལ། སྐབས་དེར་རྔམས་མཐུག་ལ་སྤུས་ལེགས་པ། དབྱིབས་མཛེས་ཤིང་ཆེ་ཆུང་རན་པ། ཕྱི་ཤུན་གྱི་མདུན་ངོས་སུ་གསེར་བྲིས་རི་མོ་ལྟ་ན་སྡུག་ཅིང་། 《དག་ཡིག་གསར་བསྒྲིགས》ཞེས་གྲལ་དག་ལ་ཚགས་དམ་པའི་ཡིག་འབྲུ་བཞི་བོ་ཡང་གསེར་ཡིག་གིས་བྲིས་ཡོད་པས་སེམས་ལ་དཔེ་ཆ་འདིའི་དབྱིབས་ཇི་འདྲའི་མཛེས་པ་ལ་ཨང་བསམས།
འོན་ཀྱང་བདག་གིས་སྐབས་དེར་ད་དུང 《དག་ཡིག་གསར་བསྒྲིགས》ལས་མིང་དང་ཚིག་བཙལ་ཤེས་པ་ཙམ་ལས། དོན་གྱི་གོ་བ་གསལ་བོ་ཞིག་ལེན་མི་ཐུབ་པས། དག་ཡིག་དེ་ལ་ཐུན་མོང་མ་ཡིན་པའི་ཡོན་ཏན་ཞིག་ཡོད་པ་ནི་གཏན་ནས་རྟོགས་མ་ཐུབ།
ལོ་ཟླའི་གོམ་ཁ་དང་ལྷན་དུ་བདག་ནི་སློབ་རིམ་འཕར་བ་དང་། དགེ་རྒན་གྱི་སློབ་ཁྲིད་དང་སྐུལ་མ་ལ་བརྟེན་ཏེ་བདག་ལ་ཤེས་བྱའི་འབྱོར་བ་རྒྱས་པས། བདག་གིས་དངོས་གནས 《དག་ཡིག་གསར་བསྒྲིགས》ལས་མིང་ཚིག་རྣམས་བཙལ་ཤེས་པར་མ་ཟད། དོན་གྱི་གོ་བ་ཡང་རགས་ཙམ་རེ་ལེན་ཐུབ་པ་བྱུང་།
རྐྱེན་དེ་ལ་གཞི་བྱས་ཏེ། བདག་གི་སློབ་སྦྱོང་གི་འབྲས་བུའང་ཉིན་རེ་ནས་ཉིན་རེར་ཡར་རྒྱས་གོང་འཕེལ་དུ་ཕྱིན་པས། རང་གི་སེམས་ཁོང་དུ་གནས་པའི་དོགས་གནད་ཡོད་ཚད་རིམ་བཞིན་སེལ་མགོ་བརྩམས། དེ་བས། ངས་རྒྱུན་དུ 《དག་ཡིག་གསར་བསྒྲིགས》ནི་རང་གི་གྲོགས་པོ་བཟང་བོ་ཞིག་དང་ཤེས་བྱའི་འོ་མཚོ་རབ་ཏུ་རྒྱས་པའི་དགེ་རྒན་བཟང་བོ་ཞིག་ཏུ་བརྩིས་ཏེ། སློབ་སྦྱོང་གི་ཕྱོགས་ནས་ཁོང་ཉིད་ལ་བསྟེན་ཅི་ཐུབ་བྱས་པ་ཡིན།
《དག་ཡིག་གསར་བསྒྲིགས》ནི་རྨོངས་མུན་སེལ་བའི་ཉི་མ་དང་། ཤེས་རིག་སྦྱིན་པའི་སློབ་དཔོན་ལྟ་བུ་ཞིག་ཡིན་པས། བདག་གིས་སློབ་གྲོགས་རྣམས་ལ 《དག་ཡིག་གསར་བསྒྲིགས》འདི་གྲོགས་སུ་བཀུར་ན། ང་ཚོ་ལ་ཤེས་བྱའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་འབྱོར་ངེས་ཡིན་ཞེས་ཁ་བརྡ་ཡང་ཡང་བྱས་པ་ཡིན།།
(ཅོ་ནེ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མ་མཁའ་འགྲོ་ཚེ་རིང་།)