本版导航 各版导航 视觉导航 标题导航 以往报纸

མཚན་ གུང་ ལ་ གྲོགས་ འུར་ ཆ་ བར་ ལབ་ པ།

藏文报 新闻    时间:2018年05月16日    来源:藏文报

    མཚན་མོའི་དབེན་འཇགས་ཀྱི་ཀློང་ནས།
ངལ་དུབ་དང་སེམས་ཚེགས་ཅི་རིགས་ལ་ཕྱིར་དྲན་གྱི་སྒོ་མོ་གཏན་ཏེ།
སྨྲ་བ་མེད་པར་ཁེར་རྐྱང་དུ་བསམ་གཞིག་གཏོང་དུས།
ཚོད་ཚོད་ལ་ཁེར་རྐྱང་གི་མི་ཕོ་ཁྱོད་དྲན་བྱུང་།
ཁྱོད་ཀྱི་དབུ་ཕོངས་ཀྱི་སྐྲ་ལོ་དང་ཚ་ལུ་མ་ལྟ་བུའི་ལྷུག་རྩོམ་དག་དྲན་བྱུང་།
དྲན་པ་འདི་དག་གིས་དྲན་པ་གཞན་ཞིག་སྒུལ་བྱུང་།
དྲན་པ་དེ་ནི་སུ་དང་གང་གིས་རྟོགས་ཐབས་བྲལ།
དྲན་པ་དེ་ནི་ཡིད་ཆེས་དང་བརྩེ་དུང་གིས་སྐྱོར་དགོས་པའི།
དུས་ཚོད་དང་དུང་སེམས་ཀྱིས་འདེགས་དགོས་པའི།
དགུ་ཚིགས་ཀྱི་གཙང་བོ་ལྟར་འཁྱིལ་བའི།
སེམས་པ་གཉིས་མཉམ་གཅིག་ཏུ་བཏགས་པའི་འདོགས་ཐག་ཅིག
དྲན་པ་དེའི་མིང་ལ་བར་ཐག་ཟེར།

ཁ་པར་ངོས་སུ་ཉིད་ཀྱི་མིང་ཡིག་གཏགས་རྗེས།
ཐ་མག་རྐང་གཅིག་མེ་ལ་བསྲེགས་ཤུལ་གྱི་རྣམ་འགྱུར་དང་།
ཆང་རག་ཕོར་བ་གང་འཐུངས་རྗེས་ཀྱི་སྐད་ཆ།
བརྩམས་སྒྲུང་ལྟ་བུའི་དངོས་བརྒྱུད་ཀྱི་བརྩེ་དུང་།
ཕམ་ཁ་དང་གདུང་སེམས་ཀྱིས་བཏེགས་པའི་མིག་མདངས།
ཐམས་ཅད།  རྩིག་ངོས་ནས་མངོན་པའི་ལྡེབས་རིས་བཞིན།
ཆུང་དུས་ཨ་ཕས་བཤད་པའི་གནའ་གཏམ་ལྟར།
ཁོ་བོའི་ཡིད་སེམས་ཀྱི་ཕ་མཐའ་ན་གསལ་ལེར་སྣང་བས།
ངས་ཁྱོད་ཉིད་ཀྱི་མིང་ནས་ཡང་ཡང་འབོད་དགོས་བྱུང་།

ངེད་གཉིས་ངོ་ཤེས་ནས་གྲོགས་པོ་གྱུར་བའི་གོ་རིམ་ནི།
བརྩམས་སྒྲུང་ཞིག་ཀློག་པའམ།
ཝུ་ཆང་ཕོར་བ་གང་མཆོད་པའམ།
ཐ་མག་རྐང་གཅིག་རྔུབ་པའི་གོ་རིམ་ལས་མ་འདས།
གོ་རིམ་དེ་ནི་དེ་འདྲའི་སྤྱིར་བཏང་ཞིག་ཡིན།
ཡིན་ཡང་། 
ངེད་གཉིས་ལ་གླེང་མི་ཚར་བའི་གཏམ་རྒྱུད་ཤིན་ཏུ་མང་།
ངེད་གཉིས་ཀྱིས་ད་རུང་མང་པོ་ཞིག་གླེང་ཚར་མེད།

ངེད་གཉིས་ལྷན་དུ་འཛོམས་དུས།
ཆང་རག་མཆོད་ཞོར།
བུད་མེད་གླེང་། བརྩམས་སྒྲུང་གླེང་།
མཚམས་མཚམས་སུ་མ་འོངས་པ་དང་འདུན་མ་ཡང་གླེང་།
ངེད་གཉིས་ལ་མཚོན་ན་དེ་ནི་ཞིང་ཁམས་གཞན་ཞིག་འགྲིམས་ཚུལ་ཡིན།
ཞིང་ཁམས་དེ་ནི་རྫུ་བག་དང་ཚུལ་འཆོས་ཡོངས་སུ་དོར་བའི།
ཕྱི་གསལ་ནང་གསལ་གྱི་ཞིང་ཁམས་ཤིག་གོ།

ང་ཚོ་ཐུན་མོང་གིས་རྨིས་མྱོང་བའི།
རྨི་ལམ་ལྗང་ཁུ།
ད་ལྟ།
དངོས་ཡོད་ཀྱི་རལ་གྲིའི་དངོ་ན་མག་མོག་ཏུ་སྣང་བས།
ཁ་ཆར་ལྟ་བུའི་མིག་ཆུ་ཁ་ཤས།
ཕན་ཚུན་གྱི་སེམས་སུ་འགྲིལ།

གས་ཆག་ཤོར་བའི་བརྩེ་དུང་གི་གཏམ་རྒྱུད།
ཟླ་བ་ལྟར་འཕེལ་འགྲིབ་ཡོད་པ་དབེན་དུ་ཆུགས་ཀྱང་།
ཚེ་གང་བོར་བུ་མོ་གཅིག་ལ་དགའ་བའི་བདེན་པ་བསྲུང་འདོད་ཀྱི་ཨུ་ཚུགས་དེ།
དཀོན་མཆོག་སུ་ཞིག་གིས་ཉིད་ལ་ཆེད་དུ་བསྩལ་བའི་བཀའ་ལགས།

གཟབ་གཟབ་ཀྱིས་དང་།  གྲོགས་པོ།
མི་ཁའི་མདའ་མདུང་གིས།
ཁྱེད་ཉིད་ཚལ་བར་གཤགས་ངེས།
ཕྲག་དོག་གི་མེ་ལྕེས།  
ཁྱོད་ཉིད་ཐལ་བར་གཏོང་ངེས།
དྲན་གདུང་གི་འབུ་སྲིན་གྱིས།  
ཁྱོད་ཉིད་འཆི་རུ་འཇུག་ངེས།

གྲོགས་པོ།  ད་ནི་མཚན་གུང་ལ་སླེབས་འདུག
ངས་མི་ཡུལ་གྱི་ལྷིང་འཇགས་སྒོམ་སྟེ།
ཁྱོད་ཁོ་ནར་བསམ་བློ་གཏོང་གིན་ཡོད།
ཁྱོད་ཀྱང་ད་རུང་གཉིད་མེད་པར།
ཐ་མག་རྐང་གཅིག་མེར་བསྒོས་ཏེ།
དྲན་པ་རྒྱང་རིང་ལ་བསྲིངས་ནས་ཡོད་དམ།།
      (གཙོས་བོད་རིགས་སློབ་འབྲིང་གི་སློབ་མ་ཀླུ་ཐར་བཀྲ་ཤིས།)