本版导航 各版导航 视觉导航 标题导航 以往报纸

བོད་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་དང་འབྲེལ་བ་ཡོད་ པའི་ཉེས་དོན་ཞོར་སྦྲགས་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཐོག་མ་གཏུག་བཤེར་བྱས་པ།

藏文报 新闻    时间:2018年05月16日    来源:藏文报

    ཟླ 5བའི་ཚེས 10ཉིན་ལ། བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་ཉེས་དོན་ཞོར་སྦྲགས་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཐོག་མ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་གཏུག་བཤེར་བྱས། དེ་ནི་བོད་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་ལ་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གཏུག་བཤེར་བྱས་པའི་ཉེས་དོན་ཞོར་སྦྲགས་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཐོག་མ་རེད།
    2017ལོའི་ཟླ 10བར་ཉེས་གསོག་དོགས་ཅན་སྐལ་ཆེ་གེ་མོས་ཤིང་གཅོད་ཆོག་འཐུས་ལག་ཁྱེར་མེད་པའི་གནས་ཚུལ་འོག་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་བཀྲ་ཏིག་གྲོང་ཚོའི་གཏེར་ལུང་ལུང་ཤུར་ནས 50རྟགས་ཅན་གྱི་གློག་སོག་ཁྱེར་ཏེ་ཤིང་སྡོང་རང་དགར་བཅད། བརྟག་དཔྱད་གསལ་འབྱེད་བྱས་པ་བརྒྱུད་རང་དགར་བཅད་པའི་ཤིང་རིགས་དེ་དག་ནི་ཤུག་པ་རྩེ་རིང་ཡིན་པ་དང་སྐྱེ་ཤིང་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ 342.218ཟིན་ཡོད། བྲག་ཡིབ་ཆུས་མི་གཞི་མ་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་རྗེས་བྲག་ཡིབ་ཆུས་མི་དམངས་ཁྲིམས་ཁང་ལ་ཉེས་དོན་ཞོར་སྦྲགས་དམངས་དོན་སྤྱི་ཕན་གཏུག་བཤེར་བྱ་རྒྱུའི་ཞུ་སྦྱོར་བྱས་པ་དང་། ཞུ་སྦྱོར་ཕྱི་མ་སྐལ་ཆེ་གེ་མོར་ཁྲིམས་ལྟར་ཉེས་དོན་འགན་འཁྲི་འཁུར་དགོས་པ་མ་ཟད། ད་དུང་གསབ་འཛུགས་བསྐྱར་འཛུགས་བྱ་རྒྱུ་དང་། དམངས་དོན་སྐྱིན་ཚབ་སྤྲོད་རྒྱུ། ཡོངས་བསྒྲགས་སུ་དགོངས་སེལ་ཞུ་རྒྱུ་བཅས་ཀྱི་དམངས་དོན་འགན་འཁྲི་ཡང་འཁུར་དགོས་པའི་བླང་བྱ་བཏོན།
    2017ལོའི་ཟླ 6པའི་ཚེས 27ཉིན་ལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་ཐོག་དམངས་དོན་གཏུག་བཤེར་བཅའ་ཁྲིམས་དང་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་བརྒྱུད། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་བྱ་རྒྱུ་བཅའ་ཁྲིམས་དེ་གཉིས་ཀྱི་ནང་འཇུག་རྒྱུའི་གཏན་འབེབས་བྱས། 2017ལོའི་ཟླ 7པའི་ཚེས 1ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་ལམ་ལུགས་དངོས་སུ་ལག་ལེན་བསྟར།
    ད་རེས་གཏུག་བཤེར་བྱེད་རིང་། བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས“སྤྱི་བའི་ཁེ་ཕན་གྱི་འཐུས་ཚབ”བྱས་ཏེ་སྤྱི་ཕན་གཏུག་བཤེར་བཅའ་ཁྲིམས་སྤྱད་ནས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་དང་། གཞུང་ཁོངས་རྒྱུ་ནོར་སྲུང་སྐྱོང་། གཞུང་ཁོངས་ས་ཆ་བེད་སྤྱོད་བྱེད་དབང་ནང་བཤུག བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་བའི་ཁེ་ཕན་སྲུང་སྐྱོང་གི་འགན་ནུས་འདོན་སྤེལ་བྱས་པའི་མིག་དཔེ་ཡག་པོ་ཞིག་བསྟན་ཡོད།།  (ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།)