རྒྱང་སྐྱོད་སྙིང་སྟོབས་ལྷུར་ལེན་གྱིས།། འབྱོར་འབྲིང་ལམ་དུ་བསྐྱོད་ལ་རེམ།།
--ཐེ་བོ་རྫོང་གི་བསམ་བློའི་དབུལ་སྐྱོར་བྱེད་ཐབས་ལ་གྲུབ་འབྲས་དགའ་འོས་པ་ཐོབ་པ།
藏文报
作者:
新闻 时间:2019年06月22日 来源:藏文报
ཐེ་བོ་རྫོང་དུ་ས་གནས་དེ་གའི་མིས་ཆེས་བརྩི་མཐོང་བྱེད་པའི་སེམས་ནོར་དུ་གྱུར་པ་ནི་ཐེ་བོ་རྫོང་ཁོངས་སུ་དམར་དམག་རྒྱང་བསྐྱོད་བྱ་སྐབས་ཤུལ་དུ་ལུས་པའི་བློ་བརྟན་འགྱུར་མེད་དང་དཀའ་ངལ་ལ་མགོ་མི་སྒུར་བའི “རྒྱང་སྐྱོད་ཀྱི་སྙིང་སྟོབས” དེ་ཡིན། དུས་ད་ལྟར་ཐེ་བོ་རྫོང་གིས་དཀའ་ཚེགས་ཆེ་བའི་དབུལ་ཐར་མཁྲེགས་གཏོར་བྱ་འགུལ་ཁྲོད་དུ་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་སླར་ཡང་རྒྱུན་འཛིན་དང་དར་སྤེལ་བྱས་པ་དང་། བསམ་བློའི་དབུལ་སྐྱོར་གྱིས་རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཁྲི 5.6ཕྱུག་འགྱུར་གྱི་འབྱོར་འབྲིང་གི་རྒྱང་སྐྱོད་གསར་བུའི་ལམ་དུ་མུ་མཐུད་དུ་མདུན་སྐྱོད་བྱ་ཐུབ་པ་བྱུང་།
ཉེ་བའི་ལོ་ཤས་ཀྱི་རིང་ལ་དབུལ་ཕོངས་ཁྱིམ་ཚང་ཁག་ཅིག་གིས་ད་ལྟའི་གནས་བབ་ལ་ཡིད་ཚིམ་ཏེ་འཚོ་བའི་འཕེལ་རྒྱས་ལ་བསམ་གཞིག་མི་བྱ་བའི “བསམ་བློ་དབུལ་ཕོངས” ཀྱི་སྣང་ཚུལ་དེ་དབུལ་སྐྱོར་མཁྲེགས་གཏོར་ལམ་བུའི་སྟེང་གི་དཀའ་གནད་ཆེ་ཤོས་སུ་འགྱུར་བཞིན་ཡོད། གནས་ཚུལ་དེ་རིགས་ལ་དམིགས་ནས་ཐེ་བོ་རྫོང་གིས་བསམ་བློ་དབུལ་སྐྱོར་དེ་དབུལ་སྐྱོར་མཁྲེགས་གཏོར་གྱི “མགྱོགས་གཏོང་འཕྲུལ་ཆས” ཤིག་ཏུ་བརྩིས་ནས “དབུལ་སྐྱོར་དང་བློ་སྐྱོར། རིག་སྐྱོར” བཅས་གནས་གསུམ་གཞི་གཅིག་གི་དབུལ་སྐྱོར་བྱེད་སྟངས་རྒྱུན་འཁྱོངས་བྱས་པ་དང་། དབུལ་ཕོངས་མང་ཚོགས་ཀྱི་དབུལ་ཐར་ཕྱུག་འགྱུར་གྱི་ནང་གནས་སྒུལ་ཤུགས་ཟམ་མི་ཆད་པར་སྐུལ་སྤེལ་བཏང་།
ཐེ་བོ་རྫོང་གིས་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་བློ་སྟོབས་ཀྱི་རོགས་སྐྱོར་དེ་དབུལ་སྐྱོར་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བ 23ལ “བསམ་བློ་གསར་བ་ལག་ལེན་བྱེད་པ་དང་། དུས་རབས་གསར་བའི་གོམ་སྟབས་ལ་བརྟེན་པ། ཐུན་མོང་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ” ཞེས་པའི་བསམ་བློ་དབུལ་སྐྱོར་གྱི་སྒྲོག་སྦྱང་བྱ་འགུལ་སྤེལ་ཏེ། དབུལ་ཕོངས་མང་ཚོགས་ཀྱི་རང་སྐྱ་ཐུབ་པ་དང་དབུལ་ཕོངས་ལས་ཐར་བ་ནི་གཟི་བརྗིད་ཡིན་པའི་འདུ་ཤེས་དང་སྙིང་སྟོབས་ལ་སྣེ་ཁྲིད་བྱེད་པ་དང་། མང་ཚོགས་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས “ང་རང་དབུལ་ཕོངས་ལས་ཐར་དགོས” ཞེས་པ་ནས “ངས་རང་ཉིད་དབུལ་ཕོངས་ལས་ཐར་བར་བྱ་རྒྱུ” ཞེས་པ་མངོན་འགྱུར་འབྱུང་བར་སྐུལ་སློང་བྱས། དུས་མཚུངས་སུ ཐེ་བོ་རྫོང་གི་གནད་ཁེལ་དབུལ་སྐྱོར་སྐོར་གྱི་སྲིད་ཇུས་དྲིལ་བསྒྲགས་ལག་དེབ ཅེས་པའི་དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་ཀྱི་དཔེ་དེབ་ཅིག་རྩོམ་སྒྲིག་པར་འདེབས་བྱས་པ་དང་རྫོང་ཡོངས་ཀྱི་དབུལ་སྐྱོར་སྲིད་ཇུས་ཁག 37གྱི་སློབ་གསོའི་འགན་སྲུང་དང་། སྡོད་ཁང་གི་འགན་སྲུང་། སྨན་བཅོས་འཕྲོད་བསྟེན་གྱི་འགན་སྲུང་དང་སྤྱི་ཚོགས་འགན་སྲུང་། ཐོན་སྐྱེད་ལས་ཞུགས་དང་བསམ་བློའི་དབུལ་སྐྱོར་སོགས་ཕྱོགས་དྲུག་ཏུ་བཀར་ནས་དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་ཀྱི་ཐབས་ལམ་གསར་བ་ཆགས། དེ་མ་ཟད་སྡེ་བ 52ཀྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་རྒྱང་བསྒྲགས་བརྒྱུད་དེ་སྔ་དྲོ་དང་ཉིན་གུང་། དགོང་མོ་བཅས་དུས་མཚམས་གསུམ་དུ་དབུལ་སྐྱོར་སྲིད་ཇུས་ཁྱབ་སྒྲོག་བྱས་ཏེ་ཁྱིམ་ཚང་ཀུན་ལ་དབུལ་སྐྱོར་སྲིད་ཇུས་ཤེས་སུ་བཅུག
དབུལ་སྐྱོར་མཁྲེགས་གཏོར་ཁྲོད་ཀྱི “ངོ་སོའི་ལྕགས་སྒྲོག ”གཏོར་ཆེད། ཐེ་བོ་རྫོང་གིས་རོང་འབྲོག་སྡེ་བའི “བརྒྱད་གཅིག” དཔེ་སྟོན་ས་གནས་འཛུགས་སྐྲུན་གཞིར་བཟུང་སྟེ། རོང་འབྲོག་མང་ཚོགས་ཀྱི་མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་སོགས་ལ་འཚམས་འདྲིའི་མ་དངུལ་ཕུལ་བ་དང་སྡོད་ཁང་མཛེས་བཟོ་སོགས་གང་ལེགས་གང་མཐོ་བསྡུར་རེས་བྱེད་པའི་གནས་ཚུལ་ལ་དམིགས་ནས། མང་ཚོགས་ཀྱི་སྡེ་སྲོལ་དམངས་ཆིངས་འཐུས་ཚང་དུ་གཏན་འབེབས་བྱེད་པར་མཛུབ་སྟོན་བྱས་པ་དང་ལུགས་རྙིང་སྲོལ་ངན་མེད་པར་བཟོ་བ། དེ་མ་ཟད་མཛེས་སྡུག་གི་ཤང་གྲོང་དང་སྐར་རིམ་ལྔ་ཅན་གྱི་དཔལ་ཡོན་ལྡན་པའི་ཁྱིམ་ཚང་འཛུགས་སྐྱོང་དང་། “གཅེས་པར་འོས་པའི་ཐེ་བོའི་མི” སོགས་རོང་འབྲོག་སྡེ་བའི་དཔལ་ཡོན་འཛུགས་སྐྱོང་བྱ་འགུལ་དག་དང་ཟུང་འབྲེལ་བྱས་ཏེ། མིག་མཐོང་ལག་ཟིན་གྱི་མིག་དཔེ་ལ་བརྟེན་ནས་མང་ཚོགས་ལ་སྐུལ་ལྕག་བྱེད་པ་དང་། སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་དབུལ་ཕོངས་མང་ཚོགས་གང་དུ་ཡོད་ཚེ་རིག་གནས་ཞབས་ཞུའི་མ་ལག་དེར་ཐོན་པ་བྱས། ད་ལོར་རྫོང་ཡོངས་སུ་མ་དངུལ་སྒོར་ཁྲི 252བཏང་སྟེ་སྡེ་བ་རིམ་པའི་ཕྱོགས་བསྡུས་ཅན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས 18འཛུགས་སྐྲུན་བྱས་པ་དང་། 2019 ལོར་སྡེ་བ་རིམ་པའི་ཕྱོགས་བསྡུས་ཅན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས 20འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་སྡེ་བ་རིམ་པའི་རིག་གནས་ཁང་དང་ཞིང་བའི་དཔེ་ཁང་རིན་མི་ལེན་པར་སྒོ་འབྱེད་པའི་ལམ་ལུགས་སྔར་བས་འཐུས་ཚང་དང་དོན་འཁྱོལ་བྱས་ཤིང་། རིག་གནས་དམངས་ཕན་ལས་གྲྭ་ལག་བསྟར་བྱེད་པའི་ཁྲོད་དུ། རིག་གནས་དང་ཚན་རྩལ། འཕྲོད་བསྟེན་དང་ཁྲིམས་ལུགས་སོགས “གྲོང་གསེབ་ཏུ་སྐྱོད་པ་བཞི” ལག་བསྟར་དང། དམངས་ཡོངས་ཀྱི་དཔེ་ཀློག་དང་རིག་གནས་གཞི་རིམ་ལ་སྐྱེལ་བ་སོགས་ཀྱི་བྱ་འགུལ་སྤེལ་བས་བསམ་བློའི་སྟེང་གི “སྒུག་རྟེན་སློང་གསུམ་དང” སྒྱིད་ལུག་ལྷོད་གཡེང་གི་སྲོལ་ངན་འདོར་བར་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་ཐོན།།
(གསར་འགོད་པ་གསེར་ཁྲི་འཚོ།)