བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མའི་རིག་གནས་ཡུལ་
སྐོར་དུས་ཆེན་སྐབས་བཅུ་བདུན་པ་འགོ་ཚུགས་པ།
藏文报
作者:
新闻 时间:2019年06月22日 来源:藏文报
ཟླ 6པའི་ཚེས 18ཉིན་ལ། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་འགོ་ཚུགས་ཏེ། སྐབས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་ཅི་ལིན་ཞིང་ཆེན་དང་གཞིས་རྩེ་གྲོང་ཁྱེར་གྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། དུས་ཡུན་གཟའ་འཁོར་གཅིག་རིང་སྣ་མང་ཕུན་སུམ་ཚོགས་པའི་བྱ་འགུལ་བརྒྱུད་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་གཞིས་རྩེའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་སྒོ་དབྱེའི་ཉམས་འགྱུར་ཉམས་སུ་མྱོང་ཐུབ་པ་བྱ་རྒྱུ་རེད།
ཟླ 6པའི་ཚེས 18ཉིན་ནས་ཚེས 24ཉིན་བར། གཙོ་གཉེར་ཕྱོགས་གཏོགས་ནས“ཇོ་རིའི་བུམ་པའི”དམངས་ཁྲོད་ཞབས་བྲོའི་སྒྱུ་རྩལ་གསར་རྩོམ་འགྲན་བསྡུར་ཆེན་མོ་སྐབས་དང་བོ་དང་། དམངས་ཡོངས་ལུས་སྦྱོང་གི་སྒོར་གཞས་འཁྲབ་སྟོན། ལྷ་མོའི་འགྲན་བསྡུར་ཆེན་མོ་དང་ལྷ་མོའི་འགྲེམས་འཁྲབ་སྐབས་གསུམ་པ། རྫོང་དང་ཆུས 18ཀྱི་དངོས་པོ་ཙམ་མ་ཡིན་པའི་ཤུལ་བཞག་རིག་གནས་འགྲེམ་སྟོན། རྫོང་དང་ཆུས 18ཀྱི་བརྗོད་དོན་གཙོ་བོའི་ཉིན་མོའི་རིག་རྩལ་འཁྲབ་སྟོན། དེ་བཞིན་ཀྲུང་གོའི་བྱང་ཤར་ཁུལ་གྱི་ཅི་ལིན་ཆེད་དོན་རིག་རྩལ་འཁྲབ་སྟོན་སོགས་རིག་གནས་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད།
གསར་འགོད་པས་འགོ་འཛུགས་མཛད་སྒོའི་ཐོག་ལྷ་མོ་དང་ལྷོ་གཞས། རྒྱ་གཞས། སྟོད་གཞས་སོགས་ས་ཆ་དེ་གའི་སྲོལ་རྒྱུན་གླུ་གར་ཕུད། ད་དུང་ཀྲུང་གོ་གསར་བར་བསྟོད་གླུ་འབུལ་བ་དང་དུས་རབས་གསར་བར་བསྟོད་པ། ཏང་གི་བཀའ་དྲིན་ལ་ཐུགས་རྗེ་ཞུ་བ་བཅས་ཀྱི་རིག་རྩལ་ལེ་ཚན་ཡང་མཐོང་བྱུང་། ལོ 34ལ་སླེབས་པའི་བུ་ཁྲིད་ཀྱིས་ཕྲུ་གུ་པང་དུ་འཁྱེར་ནས་ཆེད་མངགས་སྐྱིད་གྲོང་རྫོང་ནས་ཡོང་བ་དང་། ཁོང་ཚོ་ཆུ་ཚོད་བདུན་བརྒྱད་ཙམ་གྱི་འགྲུལ་སྐྱེལ་རླངས་འཁོར་ལ་སྡད་པ་དང་། ད་ཐེངས་སྤུན་མཆེད་ཀྱི་ཁྱིམ་དུ་གཟའ་འཁོར་གཅིག་སྡོད་རྒྱུ་རེད། “ལོ་གཅིག་ལ་ཐེངས་ཤིག་ལས་མེད། རྫོང་ནང་འཁྲབ་སྟོན་ཆེ་གྲས་མཐོང་བ་ཉུང་ཉུང་རེད”ཅེས་ཁོ་མོས་བཤད།
གཞིས་རྩེ་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་གྲོང་ཁྱེར་ཞིག་ཡིན་ཞིང་། “རི་བོ་སྟོང་གི་འབྱུང་ཁུངས། ཆུ་བོ་ཁྲི་ཡི་ཆུ་འགོ”ཞེས་པའི་མཚན་སྙན་ལྡན་ཡོད། འདིར་རི་བོ་ཇོ་མོ་གླང་མ་དང་ཆུ་མོ་ཡར་ཀླུང་གཙང་པོ། འཁྱགས་རོམ་དང་མཚོ། ནགས་ཚལ་དང་རྩྭ་ཐང་སོགས་བརྗིད་ཆགས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཡོད་པ་མ་ཟད། ད་དུང་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་དང་སྐར་ཚོགས་བཀྲམ་པ་ལྟ་བུའི་གནའ་དགོན། ངོ་མཚར་རྨད་དུ་བྱུང་བའི་རྡོ་བརྐོས་དང་ལྡེབས་རིས་སོགས་ཀྱང་ཡོད།
ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར་གཞིས་རྩེ་གྲོང་ཁྱེར་ཡོངས་སུ Aརིམ་པའི་མཛེས་ལྗོངས་ཁུལ 58དང་། སྐར་མ་རིམ་པའི་གསོལ་མགྲོན་ཁང 66 སྐར་མ་རིམ་པའི་ཁྱིམ་ཚང་མགྲོན་ཁང 104བཅས་ཡོད། 2018ལོའི་ལོ་ཧྲིལ་བོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི 695ཟིན་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར 30.3བྱུང་བ་དེ་ཁག་སོ་སོར་ལོ་གོང་མའི་དུས་མཚུངས་ལས 35%དང 28%འཕར་ཡོད།།