本版导航 各版导航 视觉导航 标题导航 以往报纸

བོད་ཀྱི་གླུ་བ་རིན་ཁོའི་ཆེད་སྒྲིག་འོད་སྡེར་འགྲེམ་སྤེལ་ཁྱབ་བསྒྲགས་ཚོགས་འདུ་ཀན་ལྷོ་ནས་ཚོགས་པ།

藏文报 新闻    时间:2020年05月20日    来源:藏文报

    ཟླ 5བའི་ཚེས 13ཉིན་ལ། བོད་ཀྱི་གླུ་བ་གྲགས་ཅན་རིན་ཁོའི་ཆེད་སྒྲིག་འོད་སྡེར་འགྲེམ་སྤེལ་ཁྱབ་བསྒྲགས་ཚོགས་འདུ་ཀན་ལྷོ་རུ་ཚོགས།
    ཁུལ་བོད་ཀྱི་གླུ་བྲོ་ཟློས་གར་གླིང་དང་གཙོས་མི་རིགས་དགེ་འོས་སློབ་གླིང་། ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཁུལ་སྲིད་གྲོས་ཨུ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣ་དང་། བོད་ཀྱི་གླུ་བ་གླུ་མ། རྡུང་ལེན་པ། ཆེད་མཁས་པ། རང་ཁུལ་གྱི་རིག་གནས་དང་སྒྱུ་རྩལ་སྡེ་ཁག་གི་འབྲེལ་ཡོད་འགན་ཁུར་བ་སོགས་མི 60ལྷག་ཐེངས་འདིའི་འགྲེམ་སྤེལ་ཁྱབ་བསྒྲགས་ཚོགས་འདུར་ཞུགས།
    ཚོགས་ཐོག་ཏུ་གདན་ཞུས་མཁས་དབང་རྣམ་པ་དང་སྒྱུ་རྩལ་ཆེད་མཁས་རྣམས་ཀྱིས་རྟེན་འབྲེལ་ཞུ་བའི་ཤིས་ཚིག་ཕུལ་ཅིང་གླུ་བ་གྲགས་ཅན་རིན་ཁོའི་སྒྱུ་རྩལ་གྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་། དེ་དང་ཆབས་ཅིག་དེང་སང་བོད་ཀྱི་དམངས་གླུའི་སྤྱི་ཚོགས་དང་རིག་གནས་ཐད་ཀྱི་གནས་བབ་ལ་གླེང་མོལ་བྱས་པ་དང་། མཛད་སྒོའི་རྗེས་ནས་གླུ་བ་གླུ་མ་རྒན་དར་གཞོན་གསུམ་གྱིས་གླུ་གར་འཁྲབ་སྟོན་བྱས།
    གླུ་བ་རིན་ཁོ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རོལ་དབྱངས་འཁྲབ་སྟོན་པ་དང་། ཀན་སུའུ་ཞིང་ཆེན་རོལ་དབྱངས་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་གྲངས་ཉུང་མི་རིགས་རོལ་དབྱངས་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན་ལ། ཀྲུང་གོའི་རིག་གནས་སྒྱུ་རྩལ་ཤེས་ལྡན་མི་སྣའི་དོ་དམ་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་ཞིབ་དཔྱད་ཚོགས་ཆུང་གིས་ཞིབ་བཤེར་གཏན་འབེབས་བརྒྱུད། ཀྲུང་གོའི་རིག་གནས་སྒྱུ་རྩལ་གྱི་ཤེས་ལྡན་མི་སྣའི་མཛོད་ནང་བསྡུ་ལེན་བྱས་པ་དང་། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གདོད་མའི་དམངས་གཞས་འགྲན་བསྡུར་ཆེན་མོའི་དཔྱད་འདེམས་ཨུ་ཡོན། རྒྱལ་ཡོངས་བོད་རིགས་ས་ཁུལ་གྱི་མཛའ་གཞས་འགྲན་བསྡུར་ཆེན་མོའི་དཔྱད་འདེམས་ཨུ་ཡོན། ཀྲུང་གོའི་རིག་གནས་སྒྱུ་རྩལ་ཤེས་ལྡན་མི་སྣའི་དོ་དམ་ལྟེ་གནས་ཀྱི་སྒྱུ་རྩལ་ཤེས་ལྡན་མི་སྣའི་དཔྱད་འདེམས་ཨུ་ཡོན། བོད་ཀྱི་དམངས་གཞས་རྒྱུན་འཛིན་པ་བཅས་ཡིན།
    མི་སྒེར་གྱི་འཁྲབ་སྟོན་ཆེད་སྒྲིག་སྒྲ་ཐག་དང་འོད་སྡེར་ཁག་བཞི་སྔ་རྗེས་སུ་འགྲེམ་སྤེལ་བྱས་པ་དང་། འཁྲབ་ལེན་བྱས་པའི་གླུ་གཞས《གངས་ཅན་པའི་བསྟོད་གླུ》དང་། 《ནང་མ》བཅས་ལ་རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་རླུང་འཕྲིན་བརྙན་འཕྲིན་གྱི“སྐར་འོད་བུམ་པ”དང་ས་གནས་རྩ་འཛུགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ། གླུ་གཞས《སོ་ལོ་མེ》ལ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གླུ་དབྱངས་འགྲན་བསྡུར་ཆེན་མོའི་མི་རིགས་ཀྱི་གླུ་ལེན་གར་འཁྲབ་བྱ་དགའ་ཐོབ་པ་དང་། གླུ་གཞས《ཨ་ཞང་ལོ་ལོ》ལ་ཀན་སུའུ་ཡི་སྐབས་དང་པོའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི“གཅིག་ལྔ”ལས་གྲྭའི་བྱ་དགའ་དང་། རྒྱལ་ཡོངས་ཀྱི་སྐབས་གཉིས་པའི་དམངས་གཞས་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་གླུ་དབྱངས་འགྲན་བསྡུར་གྱི་མི་རིགས་ཀྱི་གླུ་ལེན་གར་འཁྲབ་ཀྱི་བྱ་དགའ་ཨང་དང་པོ།  ཀྲུང་གོའི་མི་རིགས་ཀྱི་དམངས་ཁྲོད་གླུ་གར་རྩེར་སོན་འགྲེམས་འཁྲབ་ཀྱི་བྱ་དགའ་ཆེན་མོ་བཅས་ཐོབ། གླུ་གཞས《བཀྲ་ཤིས་པའི་ཉིན་མོ》དང《གླུ་བ་ལ་འདྲི་བ》བཅས་ལ 2011ལོའི་རྒྱལ་ཡོངས་ཀྱི་བོད་ཀྱི་ཉམས་འགྱུར་ལྡན་པའི་གླུ་གཞས་བསྡུ་རུབ་དང་དཔྱད་འདེམས་འགྲེམས་སྟོན་བྱེད་སྒོའི་ཁྲོད་དངུལ་གྱི་བྱ་དགའ་ཐོབ་པ་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྨ་བྱ་བུམ་པའི་བྱ་དགའི་རོལ་དབྱངས་འགྲན་བསྡུར་ཆེན་མོའི་མི་རིགས་ཀྱི་གཞས་མ་གཏམ་གྱི་བྱ་དགའ་ཐོབ་པ། ཀན་ལྷོའི་རྨ་ཆུའི་གཞས་མ་གཏམ་གྱི“གླིང་གེ་སར་རིག་རྩལ་བྱ་དགའི”ཕུལ་བྱུང་བྱ་དགའ་ཐོབ།
    སྔ་རྗེས་སུ་ཨ་རི་དང་ཁ་ན་ཏ། ཧན་གོ་སོགས་རྒྱལ་ཁབ་དང་རྒྱལ་ནང་གི་ས་གནས་ཁག་ཏུ་འཁྲབ་སྟོན་བྱེད་པར་ཐེངས་མང་གདན་དྲངས་མྱོང་ཡོད་ལ། བོད་རང་སྐྱོང་ལྗོངས་ཀྱིས་ཆེད་དུ་གདན་དྲངས་པ་ལྟར། 《ཧི་མ་ལ་ཡའི་སྒྲ་དབྱངས》རོལ་དབྱངས་འདུ་ཚོགས་ཀྱི་འཁྲབ་སྟོན་ལ་ཞུགས་པར་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གདོད་མའི་དམངས་གཞས་འགྲེམས་སྟོན་རབ་དང་རིམ་པར་ཞུགས་ལ་རྒྱལ་ཡོངས་འགྲན་བསྡུར་ཆེན་མོའི་མི་རིགས་རིག་གནས་སྲུང་སྐྱོབ་ཕོ་ཉའི་གཟེངས་རྟགས་ཐོབ།
    ཐེངས་འདིར་འགྲེམ་སྤེལ་བྱས་པའི་འོད་སྡེར་དུ་བསྡོམས་པས་ཀན་ལྷོ་རང་སའི་གླུ་ཚིག 32ཏེ་འོད་སྡེར་སྟོད་ཆ་སྨད་ཆ་གཉིས་ཡོད་ལ། ནང་དོན་གྱི་ཆ་ནས་ཀན་ལྷོའི་ཡུལ་དུ་དར་ཁྱབ་ཆེ་བའི་དམངས་ཁྲོད་ཀྱི་འདོན་རྟ་དང་གླུ་ཚིག་ཕྱོགས་གཅིག་ཏུ་བསྡུས་ཤིང་། བརྙན་རིས་སྒྲིག་བཟོའི་ཐད་ནས་མདོ་ལྷོ་བརྙན་སྦྱོར་ཀུང་སིས་ལག་རྩལ་རམ་འདེགས་བྱས་ཏེ། མི་རིགས་སྒྲ་བརྙན་པར་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པ་རེད།། (གསར་འགོད་པ་བཀྲ་ཤིས་ཚེ་རིང་དང་གཅོད་པ་སྐྱབས་ཀྱིས།)