བརྗོད་ འདོད་ ཀྱི་ གཏམ།
རྡོ་དཀར་པད་མ་རྡོ་རྗེ། [གཙོས]
藏文报
作者:
新闻 时间:2020年05月20日 来源:藏文报
ང་ནི་ས་བོན་ཞིག་ཡིན གདོད་མ་ཉིད་ནས་ས་བོན་ཞིག་ཡིན།
ས་ཆུ་མེ་རླུང་གིས་ང་ལ་སྣུམ་ཤིག་ཤིག་གི་དབུ་སྐྲ་གནང་བྱུང་།
མེས་པོ་ཚོས ནམ་རྒྱུན་ང་ཡི་དུས་ཚིགས་ཀྱི་སྐྲ་ལོ་ཤད་པས།
ཨ་མའི་བྲང་ན བྱིས་པ་ཚོའི་སྐྲ་ལོ་ཇེ་རིང་ནས་ཇེ་རིང་རེད།
ང་ནི་མཁའ་དབྱིངས་ཀྱི་སྤྲིན་དཀར་ཚོམ་བུ་ཞིག་ཡིན།
གནའ་མྱི་ཚོའི་སེམས་རྡང་ལ་ཉི་ཟེར་གྱི་མགྲོན་པོ་བྱོན་པས།
སེམས་མཐིལ་གྱི་ཉི་འོད་གཞན་ལ་བསྟར་བའི་དུས་གཙང་དེར།
ང་ནི་ལྷའི་བདུད་རྩི་མི་ཡུལ་དུ་བྱོ་མཁན་གྱི་ཕོ་ཉ་དེ་ཡིན།
ང་ནི་སྤྱི་གཙུག་ཏུ་དབྱངས་གསལ་གྱི་དར་ལྕོག་བཙུགས་པའི།
ས་ཆེན་གྱི་གློ་སྙིང་མཆིན་གསུམ་གསོ་བའི་ལྷུན་པོ་ཞིག་ཡིན།
བཞུད་ཟིན་གྱི སེམས་རྒྱུན་ཁ་བ་ལྟ་བུའི་ཁོ་ཚོས།
ངས་ཅི་ཡང་སྩོལ་བཞིན་པའི་མངའ་ཐང་ལ་རེ་འབོད་གྱེར་ཏེ།
གསེར་གྱི་ཟོ་བ་རུ་དཀར་བོའི་འོ་ཐིགས་འབབ་པའི་སྨོན་པ་བཏེགས།
དེ་རིང ངའི་རུས་ཁྲག་རྐང་གསུམ་སྦྱོར་ནག་གིས་བཞུས་པས།
བཟོད་གླགས་མེད་པའི་འཕག་འཚག་ཅིག་མི་རྒྱག་ཀ་མེད་རེད
(ཇི་འདྲ་བ་ཡི་ལས་བསགས་པ།། དེ་འདྲ་བ་ཡི་འབྲས་བུ་འབྱུང་།།)
སེམས་གཤིས་གསེར་དུ་གསོ་བའི་གལ་འཛིན་གྱི་བདེན་པ་འདི།
དུས་ཀྱི་ཞལ་ངོའི་དེ་ཉིད་ལ་གཟིཊ་པའི་ཡིད་འོང་ཞིག་རེད།
ཡིད་འོང་གིས་གནས་ལུགས་བདར་ནས བདེན་པ་རྙེད་པས།
སེམས་གཤིས་སུ་ཐན་པ་རྒོད་པའི་འཇུག་ངོགས་འདིར།
སྙིང་རྗེ་ཡི་མྱུ་གུ་འཕར་བ གཞན་ཇི་ལྟར་ཐོས།
ཨ་མྱེ་ཚོའི་རིང་ལ སེམས་ལ་གད་བདར་བགྱིས་ནས།
སེམས་ཀྱི་རྡུལ་དག་པས ས་ཆེན་གྱི་ཞལ་ངོ་ན་ཅི་ཡང་ཡོད་པས།
མཐོང་བ་སྤྲིན་དཀར་དང ཐོས་པ་ས་ཆེན་གྱི་གླུ་དབྱངས་ཡིན།
ཁ་སང་ནས མངོན་སྟངས་ཤིག་ལ་གད་བདར་རྒྱག་གིན་པས།
སེམས་རྡུལ་མ་དག་པས སེམས་ངོའི་དྲི་མ་མ་དག་པས།
དེ་རིང ས་ཆེན་གྱི་ཞལ་ངོར་བྱེ་རླུང་གི་ཀི་རིང་ལས་ཅི་ཡོད།
གངས་འདབས་བརྒྱུད་ནས་ཉི་འོད་ལ་འཐམས་ན།
ས་མཐོའི་རྣམ་ཤེས་ཀྱིས་འཁྱུད་པའི་རི་ཆུ་ནགས་གསུམ་ལ།
བཀོལ་དུ་རུང་བའི་ཅི་འདོད་འདོད་ཀྱི་གཡང་ཁ་འཁོར་བས།
འདོད་རྔམ་གྱིས་མ་བཟུང་བའི་ཕར་ངོགས་ནས།
བདུད་རྩིས་ཚིམས་པའི་བྲོ་གར་གྱི་སྒེག་ཉམས་དེ་རོལ་ཐུབ།
མངོན་ཚུལ་གཙང་མ་ནི་ཕ་རོལ་ཏུ་ཕྱིན་པའི་བདེ་ལམ་མིན།
སེམས་ངོ་གཙང་མ་དང་སྦྱོར་བ་གཙང་གཙང་དུ་ཡོད་པ་དེ།
ཕ་རོལ་ཏུ་འཐེན་པའི་གསེར་གྱི་ལམ་ཆེན་ཡིན།
ཁྱོད་ལ་གསེར་ཡོད་ན གསེར་གྱི་སེམས་ཨེ་ཡོད།
ཡོད་ན སྦྱོར་བ་གཙང་མའི་གསེར་གྱི་སེམས་དེ་ཨེ་ཡིན།།