本版导航 各版导航 视觉导航 标题导航 以往报纸

ཛ་ དྲག་ ཁྲོད་ ཀྱི་ ལྷིང་ འཇགས།

-ཏོག་དབྱིབས་ནད་ཡམས་སྐབས། རིན་ཆེན་ཐར། [ཀླུ་ཆུ]

藏文报 新闻    时间:2020年05月20日    来源:藏文报

    སྤྲིན་དཀར་ལེབ་མོས་བྱི་དོར་བགྱིས་པའི་ཨིནྡྲ་རྙིལ་གྱི་ནམ་མཁའ་འདི།།
ཁ་བ་སྲབ་མོས་གདགས་སྲིབ་ཕྱེས་པའི་རི་ཀླུང་ཁ་ཡངས་ཁོད་ཡངས་འདི།།
ཉི་ཟེར་ངོགས་སུ་ལམ་ལམ་འཚེར་བའི་གཙང་ཆབ་སྔོན་མོའི་འབབ་རྒྱུན་འདི།།
སྒེའུ་ཁུང་གསེང་གི་མཐོང་སྐལ་ཁོ་ནས་སུན་པ་འབར་ལ་བུད་ཤིང་བཞིན།།

སྐད་ཅིག་མི་སྡོད་གྲོག་མཁར་འདུ་འཛི་གློ་བུར་འགག་པ་འཇམ་ཅག་ཅག།
པ་ཏ྄འི་བསྣོལ་རིས་གཞུང་ལམ་ལྟོ་བར་རྒྱུ་འགྲུལ་འཁོར་རིགས་སྟོང་སང་སང་།།
དྲ་བའི་མཐོངས་སུ་གསར་འཕྲིན་ཁ་བ་བསྟུད་མར་བྱོ་བའི་སྒྲ་ཙིར་ཙིར།།
ནད་ཡམས་གཤེད་མ་ཉེ་ཉེར་བཅར་བའི་ཞེད་སྣང་ལུས་པོ་འདར་སིག་སིག།

མཐོངས་སུ་ལྡིང་བའི་འདབ་ཆགས་གར་འཕུར་སྐྱིད་པའི་སྨོན་པ་ད་རེས་ཤོར།།
སྲང་ལམ་འཁྱར་བའི་ཁྱི་གུའི་རང་དབང་བདེ་བའི་སེམས་པ་ད་རེས་སྐྱེས།།
ཟ་ཁང་གོག་པོའི་ཕྱེ་ཐུག་ལྡུར་བོར་ཞིམ་པའི་འགྲམ་ཆུ་ད་རེས་ལྡིང་།།
རང་གཞིས་སྐྱིད་པོར་སྡོད་མི་ཚུགས་པའི་སུན་སྣང་མེ་ལྕེས་ད་རེས་བསྲེགས།།
སྲིད་པའི་གྲོང་དུ་ཇི་སྙེད་སེམས་ཅན་ལས་ཀྱི་རི་མོ་འབུམ་འཆར་བཞིན།།
ཕྲ་རགས་ཕུང་བོ་སོ་སོ་འཚོ་ཕྱིར་ལྟོ་ལ་བཙན་གྱིས་གཉོམ་བསྟེན་པ།།
སྲོག་ཕྱིར་སྲོག་འཕྲོག་ལྡོག་ཏུ་བྲལ་ཡང་མགོ་ནག་མི་ཡི་བདག་ཉིད་ཅན།།
སྐམས་ལུག་ལོངས་སུ་སྤྱད་པས་མི་ངོམས་མཆེ་སྡེར་ཀུན་ལ་རྐྱོང་འདིས་ལན།།

སྣང་སྲིད་སྒྱུ་མའི་ཞེན་ཆགས་ཀློང་འདིར་སྐད་ཅིག་གཉིད་ལའང་ཕངས་བྱེད་ན།།
སྒྱུ་ལུས་གཅེས་འཛིན་ཚེར་མ་ཙམ་གྱི་ཟུག་རྔུའི་གདུང་བའང་གདོས་ལྕི་ན།།
མི་འཇིགས་སྤོབས་པའི་དཔའ་གདེང་མཐོ་བ་གོས་དཀར་ཅན་སོགས་བྱ་བྱེད་སྡེ།།
གཞན་དོན་ལྷུར་ལེན་སེམས་དཔའི་སེམས་དཔའ་ཤོང་ལ་འཛིན་མ་སྣོད་དུ་ཆུང་།།