ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་
ཏེ་སྲིད་གཞུང་གི་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས་པ།
藏文报
作者:
新闻 时间:2020年05月20日 来源:藏文报
ཟླ 5བའི་ཚེས 15ཉིན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་བྱེད་པའི་སྲིད་གཞུང་གི་བྱ་བའི་སྙན་ཞུའི་མ་ཡིག་ལ་གྲོས་བསྡུར་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས།
གྲོས་ཚོགས་ཀྱིས་བལྟས་ན། འདས་པའི་ལོ་གཅིག་གི་ནང་དུ་རང་རྒྱལ་དཀའ་ཁག་དང་འགྲན་རྩོད་མང་བོར་འཕྲད་ཀྱང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐུན་སྒྲིལ་སྣེ་ཁྲིད་འོག་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་དཀའ་ཁག་ཁྱད་བསད་བྱས་ནས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གཙོ་བོ་ཡོངས་སུ་འགྲུབ་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་བྱེད་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་བཏིངས་ཡོད། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་རྗེས་སུ། ཏང་ཀྲུང་དབྱང་གིས་རིམས་ནད་འགོག་སྲུང་བྱ་བ་དེ་གཙོ་བོར་བཟུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་བཀོད་འདོམ་དང་བཀོད་སྒྲིག་བྱས་ཤིང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་དེ་གོ་གནས་དང་བོར་འཇོག་པ་རྒྱུན་འཁྱོངས་བྱས་ནས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་འགོ་ཁྲིད་བྱས་ཏེ་རིམས་ནད་འགོག་སྲུང་བྱ་བ་བཟང་བོར་བསྒྲུབས། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཝུའུ་ཧན་དང་ཧུའུ་པེ་ཞིང་ཆེན་གྱི་ཉེན་སྲུང་འཐབ་རྩོད་ལ་གྲུབ་འབྲས་བཟང་བོ་ཐོབ་པ་དང་། རིམས་ནད་འགོག་སྲུང་ཐད་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་བླངས་པ་མ་ཟད། རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བའི་ཐད་ཕན་འབྲས་བཟང་བོ་ཐོབ།
གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། མིག་སྔར་འཛམ་གླིང་ཡོངས་ཀྱི་རིམས་ནད་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བས། རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་མེད་ཀྱི་འགྲན་རྩོད་ཅིག་འཕྲད་ཡོད། ད་ལོའི་སྲིད་གཞུང་བྱ་བ་བཟང་བོ་སྒྲུབ་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་འཐབ་ཇུས་བཅས་མཐའ་གཅིག་ཏུ་ལག་ལེན་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ཏེ། རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་གཅིག་གྱུར་བཀོད་འདོམ་དང་ཡར་སྐུལ་བཏང་སྟེ། རྒྱུན་རྣམ་ཅན་གྱི་རིམས་འགོག་གི་སྔོན་འགྲོའི་ཆ་རྐྱེན་འོག གཏན་འཇགས་ཁྲོད་དུ་ཡར་སྐུལ་བརྩོན་པའི་བྱ་བའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་མཁོ་འདོན་གྲུབ་ཚུལ་གྱི་བཅོས་བསྒྱུར་སྙིང་བོར་བྱེད་པ་རྒྱུན་འཁྱོངས། བཅོས་སྒྱུར་སྒོ་འབྱེད་སྒུལ་ཤུགས་སུ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཁྲེགས་གཏོར་ཆེན་མོ་གསུམ་གྱི་བྱ་བ་བཟང་བོ་བསྒྲུབས་ཏེ། གཏན་འཇགས་དྲུག་གི་བྱ་བ་བཟང་བོ་བསྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་ཕྱོགས་ཡོངས་ནས་དངོས་འབེབ་བྱ་དགོས་ལ། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་གང་ལེགས་བྱས་ཏེ་དཔལ་འབྱོར་གྱི་འཕེལ་རྒྱས་དང་སྤྱི་ཚོགས་གཏན་འཇགས་ཀྱི་ཆེ་ཕྱོགས་ལ་སྲུང་སྐྱོང་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་པར་འགན་སྲུང་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་བྱ་དགོས།།
(མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་བསྒྲགས་བརྙན་འཕྲིན་ཁང་ནས།)