དུས་རབས་གསར་བར་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།
--སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཐོག་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ 75འཁོར་བར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དཔྱད་པ།
藏文报
作者:མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།
新闻 时间:2020年09月09日 来源:藏文报
འཇར་འགོག་དམག་འཁྲུག་གི་བརྒྱུད་རིམ་ཁྲོད། ཀྲུང་གོའི་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་སྐྱེད་སྲིང་བྱས་ཡོད་ཅིང་། རྒྱལ་ཁབ་ལ་དར་རྒུད་ཅི་ཡོང་དེ་སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད་པའི་རྒྱལ་གཅེས་ཀྱི་བརྩེ་སེམས། ཤི་ཡང་མགོ་མི་སྒུར་བའི་མི་རིགས་ཀྱི་ལ་རྒྱ། གཏུམ་སྤྱོད་ལ་མི་སྐྲག་ཅིང་དམར་འཛིང་མཐའ་འཁྱོངས་བྱེད་པའི་དཔའ་བོའི་བློ་སྟོབས། ཕམ་ཡང་དཔའ་མི་ཞུམ་པ་དང་རྒྱལ་ཁ་ཐོབ་པའི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་བཅས་འཛམ་གླིང་ཡོངས་ལ་ཤེས་སུ་བཅུག་ཡོད། “འཇར་འགོག་དམག་འཁྲུག་གི་རླབས་ཆེན་གྱི་སྙིང་སྟོབས་ནི་ཀྲུང་གོའི་མི་དམངས་ཀྱི་ཧ་ཅང་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ཞིག་ཡིན་པས། ཀྲུང་གོའི་མི་དམངས་ཀྱིས་དཀའ་ངལ་དང་ཉེན་ཁ་མཐའ་དག་ཁྱད་གསོད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་འབད་འཐབ་བྱ་རྒྱུར་ནམ་ཡང་སྐུལ་མ་གཏོང་རྒྱུ་ཡིན།”
ཟླ 9བའི་ཚེས 3ཉིན་ལ། ཀྲུང་གོའི་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ 75འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཀྲུང་གོའི་མི་དམངས་ཀྱིས་ལོ་ངོ 14རིང་དམར་འཛིང་མཐའ་འཁྱོངས་བྱས་ཏེ་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ལོ་རྒྱུས་ལ་བརྩེ་བ་ཟབ་མོས་ཕྱིར་དྲན་བྱས་ཏེ། ཀྲུང་གོའི་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་རླབས་ཆེན་ཐོབ་པའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་ཞིང་། ང་ཚོས་རླབས་ཆེན་གྱི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱ་དགོས་པ་ནན་གྱིས་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་གོ་དོན་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པ། ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཆེས་ཆེར་ལྡན་པས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་སྙིང་རུས་ཀྱིས་བྱ་བ་བྱེད་པར་སྐུལ་ལྕག་ཆེས་ཆེར་གཏོང་ཐུབ་ངེས་ཡིན་ལ། སྔོན་གཤེགས་དཔའ་བོ་གྲངས་མེད་ཀྱིས་བཏོད་པའི་རླབས་ཆེན་བྱ་གཞག་མུ་མཐུད་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས།
“དྲང་བདེན་ལ་རྒྱལ་ཁ་ཐོབ་ངེས། ཞི་བདེ་ལ་རྒྱལ་ཁ་ཐོབ་ངེས། མི་དམངས་ལ་རྒྱལ་ཁ་ཐོབ་ངེས།” ཀྲུང་ཧྭ་མི་རིགས་འཇིག་ཉེན་གྱི་འགག་རྩར་ཐུག་པའི་སྐབས་དེར་ཀྲུང་གོའི་མི་དམངས་ཀྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རང་ཉིད་ཀྱི་ཤ་ཁྲག་གིས་ལྕགས་རི་བསྐྲུན་ཏེ་དགྲ་ལ་འཐབ་ཅིང་། རྒྱལ་ཁབ་ཀྱི་དོན་དུ་སྔོན་འགྱེལ་རྗེས་མཐུད་ཀྱིས་དཀའ་ཉེན་ལ་མི་འཛེམ་པར་གནམ་ས་གཡོ་ཞིང་བརྗིད་ཉམས་ལྡན་པའི་ལོ་རྒྱུས་སྙན་ངག་རིང་མོ་ཞིག་བརྩམས་ཡོད། གདུག་རྩུབ་ཆེ་བའི་འཇར་པན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པ་ཕམ་པར་བརྒྱབ་སྟེ། དྲང་བདེན་གཡོ་བཅོས་ལས་རྣམ་པར་རྒྱལ་བ་དང་འོད་སྣང་མུན་ནག་ལས་རྣམ་པར་རྒྱལ་བ། སྤྱོད་བཟང་ལོག་སྤྱོད་ལས་རྣམ་པར་རྒྱལ་བ་བཅས་ཀྱི་རྒྱལ་ཁ་རླབས་པོ་ཆེ་ཐོབ་པ་རེད། འདི་ནི་ཉེ་རབས་ནས་བཟུང་ཀྲུང་གོའི་མི་དམངས་ཀྱིས་ཕྱི་དགྲའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་དུས་ཡུན་རིང་ཤོས་དང་གཞི་ཁྱོན་ཆེ་ཤོས། རང་སྲོག་བློས་གཏོང་བ་མང་ཤོས་བཅས་ཀྱི་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་ཅིག་ཡིན་ལ། རྒྱལ་ཁ་ཡོངས་སུ་ཐོབ་པའི་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་ཐེངས་དང་བོ་དེ་ཡང་ཡིན། རྒྱལ་ཁ་རླབས་པོ་ཆེ་འདི་ནི་ཀྲུང་ཧྭ་མི་རིགས་ཉེ་རབས་ནས་བཟུང་ཉམས་ཉེན་ཚབས་ཆེན་གྱི་གནས་སུ་ལྷུང་སྟེ་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་ཤིག་ཡིན་ལ། འཛམ་གླིང་གིས་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། འདི་ནི་ཀྲུང་གོའི་མི་དམངས་ཀྱི་རྒྱལ་ཁ་ཡིན་ལ་འཛམ་གླིང་མི་དམངས་ཀྱི་རྒྱལ་ཁ་ཡང་ཡིན།
ལོ་ངོ 75ཡི་རིང་ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་གཏོད་བྱས་པ་དང་ཀྲུང་གོར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་མོད། འོན་ཀྱང་མདུན་སྐྱོད་ཀྱི་ལམ་དུ་སྔར་བཞིན་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་འཕྲད་སྲིད་ཅིང་། དཀའ་སྡུག་སྣ་ཚོགས་ལ་ཡང་འཕྲད་སྲིད་པས། ངེས་པར་དུ་འཇར་འགོག་དམག་འཁྲུག་གི་རླབས་ཆེན་གྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་རེད། དཀའ་ངལ་མཐའ་དག་ཟིལ་གྱིས་གནོན་ཞིང་དཀའ་ངལ་གྱིས་མནར་བའི་ཆོད་སེམས་དང་བློ་སྟོབས་ལ་བརྟེན་ནས་འཐབ་རྩོད་བྱེད་ཕོད་པ་དང་གསར་གཏོད་བྱེད་མཁས་པ། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱས་ཏེ་མཐར་ཐུག་གི་རྒྱལ་ཁ་ལེན་ཐུབ་པ་བྱ་དགོས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ངེས་པར་དུ་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱེད་པ། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱེད་པ་དང་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་ཡིན་རུང་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་འཁྱོག་བཤད་དང་ཀྲུང་གོའི་གུང་ཁྲན་ཏང་གི་ངོ་བོ་དང་དམིགས་ཡུལ་ལ་དམའ་འབེབས་བྱས་པར་ཀྲུང་གོའི་མི་དམངས་ཀྱིས་ཁས་ལེན་གཏན་ནས་བྱེད་ཀྱིན་མེད་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ལ་འཁྱོག་བཤད་དང་འགྱུར་ལྡོག་གཏོང་བ། ཀྲུང་གོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་ཁས་མི་ལེན་པ་སོགས་ལ་ཀྲུང་གོའི་མི་དམངས་ཀྱིས་ཁས་ལེན་གཏན་ནས་བྱེད་ཀྱིན་མེད། མི་སུ་དང་སྟོབས་ཤུགས་གང་ཞིག་ཡིན་རུང་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཁ་བྲལ་གཏོང་བ་དང་ཁ་གཏད་དུ་ལངས་པའི་རེ་ངན་བཅངས་པར་ཀྲུང་གོའི་མི་དམངས་ཀྱིས་ཁས་ལེན་གཏན་ནས་བྱེད་ཀྱིན་མེད། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་ཡིན་རུང་བཙན་པོ་དབང་ཡོད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁོ་ཚོའི་འདོད་བློ་ཀྲུང་གོར་བཙན་འགེལ་བྱེད་པ་དང་ཀྲུང་གོའི་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྒྱུར་བ། ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་པར་འགོག་རྐྱེན་བཟོ་བ་བཅས་ལ་ཀྲུང་གོའི་མི་དམངས་ཀྱིས་ཁས་ལེན་གཏན་ནས་བྱེད་ཀྱིན་མེད། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་ཡིན་རུང་ཀྲུང་གོའི་མི་དམངས་ཀྱི་ཞི་བདེའི་འཚོ་བ་དང་འཕེལ་རྒྱས་ཀྱི་དབང་ཆར་གཏོར་བཤིག་གཏོང་བ་དང་། ཀྲུང་གོའི་མི་དམངས་དང་རྒྱལ་ཁབ་གཞན་དག་གི་མི་དམངས་བར་གྱི་འབྲེལ་འདྲིས་མཉམ་ལས་ལ་གཏོར་བཤིག་གཏོང་བ། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་བླ་ན་མེད་པར་གཏོར་བཤིག་གཏོང་བ་བཅས་བྱ་རྒྱུའི་རེ་ངན་བཅངས་པར་ཀྲུང་གོའི་མི་དམངས་ཀྱིས་ཁས་ལེན་གཏན་ནས་བྱེད་ཀྱིན་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ནང་དམིགས་སུ་བཀར་ནས་ནན་བཤད་གནང་བའི“ཁས་གཏན་ནས་མི་ལེན་པ་ལྔ་བོ”འདིས་གཏིང་ཟབ་པའི་སྒོ་ནས་ཀྲུང་གོའི་མི་དམངས་དུང་ཕྱུར 14ཡི་ཐུན་མོང་གི་བསམ་འདུན་མཚོན་པར་བྱས་ཡོད།
ང་ཚོས་བསམ་འདུན་གཅིག་མཐུན་གྱིས་དགྲ་བོའི་མེ་སྒྱོགས་ལ་མི་འཛེམ་པར་མདུན་དུ་བསྐྱོད་ཅིང་། དཀའ་སྤྱད་ཚད་མེད་ཀྱིས་འཇར་འགོག་དམག་འཁྲུག་ནང་། ཀྲུང་ཧྭ་མི་དམངས་ཡོངས་ཀྱིས་རྒྱལ་ཁབ་འཚོ་གནས་ཀྱི་ཆེད་དུ་འཐབ་འཛིང་བྱེད་པ་དང་མི་རིགས་བསྐྱར་དར་གྱི་ཆེད་དུ་འཐབ་འཛིང་བྱེད་པ། མིའི་རིགས་ཀྱི་དྲང་བདེན་གྱི་ཆེད་དུ་འཐབ་འཛིང་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་ལ་བཙན་འཛུལ་བར་འགོག་རྒོལ་བྱེད་པ་དང་དམར་འཛིང་མཐའ་འཁྱོངས་བྱེད་པའི་དཔའ་ཉམས་གང་ལེགས་མངོན་ཡོད་ལ། རང་སྟོབས་རང་སྤེལ་གྱི་རྨང་གཞིའི་ཐོག་ཉམས་པ་སོར་ཆུད་བྱེད་པའི་ཆོད་སེམས་ཡོད་པ་དང་། འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་རང་ཚུགས་ཐུབ་པའི་ནུས་པ་ཡོད། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ཡོང་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ཐོག ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རླབས་ཆེན་གྱི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ཞིང་། དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཙམ་མདུན་དུ་སྐྱོད་པའི་ཞུམ་མེད་དཔའ་སྟོབས་ཆེན་པོས་འབད་འཐབ་བྱས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་བཅས་བྱེད་གྱུར་ན། དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ནས་བྱས་རྗེས་ངོ་མཚར་ཅན་གསར་དུ་གཏོད་ཐུབ་པར་ངེས་སོ།།