མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ།
----ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཐོག་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ 75འཁོར་བར་རྗེས་དྲན་ཞུ།
藏文报
作者:
新闻 时间:2020年09月09日 来源:藏文报
(པར་ངོས་དང་བོར་མཐུད་རྒྱུ།) ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཐོག་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་པར་རྗེས་དྲན་ཞུ་བ་ནི། ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་འབྱུང་འགྱུར་ལ་ཉེན་བརྡ་བཏང་ནས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱ་རྒྱུའི་སྐུལ་སློང་བྱ་དགོས།
ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་མ་འོངས་པར་ཉེན་བརྡ་བཏང་ནས་ང་ཚོས་མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་དགོས། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་གྱུར་པའི་མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་ནི་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཡིན། སྔར་བྱུང་མ་མྱོང་བའི་མི་རིགས་ཆགས་འཇིག་ཇི་
ཡོང་ཀྱི་མདུན་དུ། ཀྲུང་གོའི་མི་དམངས་ཀྱི་རྒྱལ་གཅེས་སྤྲོ་སེམས་མེ་རི་བཞིན་འཕྱུར་བ་རེད། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱིས་ཕྱི་དགྲ་མཉམ་འགོག་བྱས་པ་དང་། མི་རིགས་ཀྱི་ཆེད་དུ་འཐབ་པ། མེས་རྒྱལ་གྱི་ཆེད་དུ་འཐབ་པ། ལ་རྒྱའི་ཆེད་དུ་འཐབ་པ་དང་བརྗིད་ཉམས་ལྡན་པའི་སྟོབས་ཤུགས་གཅིག་ཏུ་བསྡུས། བརྗིད་རླབས་ཆེ་བའི་འཕེལ་རིམ་དེའི་ནང་། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་རྒྱལ་ཁབ་གང་ལ་དར་རྒུད་ཅི་ཡོང་དེ་སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད་པའི་རྒྱལ་གཅེས་ཀྱི་བསམ་པ་བསྟན་པ་དང་། འཆི་བར་ཉེ་ཡང་གཉའ་མི་སྒུར་བའི་མི་རིགས་ཀྱི་ལ་རྒྱ། གཏུམ་སྤྱོད་ལ་མི་སྐྲག་པར་དམར་འཛིང་མཐར་ཕྱིན་བྱེད་པའི་དཔའ་བོའི་བློ་སྟོབས། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་དང་བློ་བརྟན་འགྱུར་མེད་ཀྱི་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་ཀྱིས་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་ཆེན་བཏོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རླབས་ཆེན་གྱི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་ནི་ཀྲུང་གོའི་མི་དམངས་ཀྱི་བསམ་པའི་རྒྱུ་ནོར་ཧ་ཅང་རྩ་ཆེན་ཡིན་པ་དང་། ཀྲུང་གོའི་མི་དམངས་ཀྱིས་དཀའ་ངལ་དང་ཉེན་ཁ་མཐའ་དག་ཁྱད་དུ་བསད་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་པར་ནམ་ཡང་སྐུལ་མ་གཏོང་བའི་བསམ་པའི་སྒུལ་ཤུགས་སྟོབས་ལྡན་ཡིན། རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ཐོག་ང་ཚོས་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རླབས་ཆེན་གྱི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་བཏང་ནས། མཁྲེགས་གཏོར་དཀའ་སེལ་བྱེད་ཕོད་པ་དང་འགན་འཁྲི་འཁུར་ཐུབ་པ། བྱས་རྗེས་འཇོག་ཕོད་པ་བཅས་བྱས་ཏེ་རྒྱལ་ཁ་ནས་རྒྱལ་ཁ་གསར་བའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་དགོས།
ལོ་རྒྱུས་བློ་ལ་བརྟན་པོར་ངེས་ཤིང་འབྱུང་འགྱུར་ལ་ཉེན་བརྡ་བཏང་ནས། ང་ཚོས་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ་པ་བྱ་དགོས། ཀྲུང་གོའི་གུང་ཁྲན་ཏང་གི་གདོང་འདེགས་ཀྱི་ཀ་བ་ལྟ་བུའི་ནུས་པ་ནི་ཀྲུང་གོའི་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་འགག་རྩ་ཡིན་པ་དང་། མི་རིགས་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ནི་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན། ཀླ་ཀློའི་གཏུམ་དྲག་དང་གདུག་རྩུབ་ཆེ་བའི་འཇར་པན་བཙན་འཛུལ་བར་ཁ་གཏོད་ཁར། ང་ཚོའི་ཏང་གིས་མི་དམངས་ལ་སྐུལ་སློང་དང་མི་དམངས་ལ་རྒྱབ་རྟེན་བཅོལ་བ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་འཇར་འགོག་དམག་འཁྲུག་གི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཐབས་ཇུས་ཡང་དག་གཏན་འབེབས་བྱས་ནས་དགྲ་བོའི་རྒྱབ་ཕྱོགས་ཀྱི་གཡུལ་ས་རྒྱ་ཆེར་བཏོད་པ་དེ་འཇར་འགོག་དམག་འཁྲུག་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟོབས་ཤུགས་སུ་གྱུར་ཏེ། མི་རིགས་ཡོངས་ཀྱི་རྒྱལ་ཁབ་མི་འཇིག་པའི་རེ་བར་རོགས་འདེགས་བྱས་ཡོད་ལ། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་ཁ་ཕྱོགས་ལ་ཡང་དག་གི་སྣེ་ཁྲིད་བྱེད་ཀྱིན་ཡོད། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་རྨང་གཞིའི་ཐོག ང་ཚོའི་ཏང་གིས་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད། མུ་མཐུད་འབད་འཐབ་བཅས་བྱས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་རེད། དེ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གཏན་འཁེལ་བྱས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ལེགས་གྲུབ་བྱུང་བ་རེད། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ 70ལྷག་འདས་པའི་རིང་། ང་ཚོའི་ཏང་གིས་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དཀའ་ངལ་དང་ཉེན་ཁ་རབ་དང་རིམ་པ་ལས་རྣམ་པར་རྒྱལ་ཞིང་། ལོ་རྒྱུས་ཀྱི་དེབ་ཐེར་དུ་འགོད་འོས་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་ཡང་ཡང་གསར་གཏོད་བྱས་ཡོད། ཀྲུང་ཧྭ་མི་རིགས་ཀྱིས་སྒེར་ཚུགས་ཐུབ་ཅིང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་མཆོང་སྐྱོད་རླབས་པོ་ཆེ་བསུས་ཡོད་པས། ཀྲུང་གོའི་གུང་ཁྲན་ཏང་ཁོ་ནས་ད་གཟོད་ཀྲུང་གོར་འགོ་ཁྲིད་བྱེད་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་ཁོ་ན་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ན་མ་གཏོགས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་མི་ཐུབ་པ་ཤེས་འོང་ལ། རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ཐོག་ང་ཚོས“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་དགོས། མི་དམངས་དུང་ཕྱུར 14ཡི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས“ལོ་བརྒྱ་གཉིས”ཀྱི་དམིགས་འབེན་འབད་འཐབ་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ཧུར་ཐག་བྱ་དགོས།
ལོ་ངོ 75ཡི་སྔོན་གྱི་རྒྱལ་ཁ་རླབས་པོ་ཆེ་དེས་ཀྲུང་ཧྭ་མི་རིགས་ལ་བཙན་འཛུལ་བར་དམར་འཛིང་མཐའ་འཁྱོངས་བྱེད་པའི་དཔའ་ཉམས་ཡོད་པ་དང་། རང་སྟོབས་རང་སྤེལ་གྱི་རྨང་གཞིའི་ཐོག་ཉམས་པ་སོར་ཆུད་བྱེད་པའི་ཆོད་སེམས་ཡོད་ལ། འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་རང་ཚུགས་ཐུབ་པའི་ནུས་པ་སོགས་ཡོད་པ་འཛམ་གླིང་སྐྱེ་བོ་ཀུན་ལ་ར་སྤྲོད་བྱས་ཡོད། དུས་རབས་གསར་བར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱས་ཤིང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་བསྐྱོད་རྒྱུར། ང་ཚོར་བློ་རྩ་བརྟན་པོ་དང་བློ་སྟོབས་བརྟན་པོ། རྒྱལ་སྟོབས་བརྟན་པོ་བཅས་ཀྱི་སྒོ་ནས་འགྲན་སློང་ལ་ཁ་གཏད་འཇལ་བ་དང་གདེང་ཚོད། ནུས་པ། བློ་གྲོས་བཅས་འདང་ངེས་ཞིག་ཡོད་ཅིང་། ཉེན་ཁ་དང་ཚོད་བགམ་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་། རྒྱལ་ཁབ་གང་ཞིག་ཡིན་རུང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་གོམ་སྟབས་འགོག་མི་ཐུབ་ཅིང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་འགོ་ཁྲིད་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། མི་བརྒྱ་སེམས་གཅིག་དང་མེ་ཏོག་མཉམ་བཞད་ཀྱིས་དཀའ་སྡུག་གི་ཆར་རླུང་འཚུབ་ཀྱང་མདུན་སྐྱོད་ལ་བཀག་འགོག་མེད་པར་སྔོན་ནས་གཏན་འཁེལ་བྱས་པའི་དམིགས་ཚད་ཀྱི་ཕྱོགས་སུ་མུ་མཐུད་དུ་དཔའ་ངར་ཆེན་པོས་བསྐྱོད་རྒྱུ་ཡིན།།
(《མི་དམངས་ཉིན་རེའི་ཚགས་པར》ལས།)