本版导航 各版导航 视觉导航 标题导航 以往报纸

ཁ་ལོ་བ་མཐོང་བས་ཁ་ལོ་བ་དྲན་པ།

གཏེར་ལུང་དཔལ་ལྡན། [བསང་ཆུ]

藏文报 新闻    时间:2020年09月09日    来源:藏文报

    ཉིན་ཤས་སྔོན་གྱི་སྲོད་དུས་ཤིག་ལ། བླ་བྲང་ནས་གཏེར་ལུང་བར་དུ་གླ་གཏོང་ཞིག་གླས་ཏེ་ཡོང་། སྤྱི་ལེ་སུམ་ཅུ་ཡས་མས་ཀྱི་ལམ་གླ་ང་ཚོ་མི་ལྔས་མཉམ་དུ་སྤྲད། ཁ་ལོ་བ་ཕོ་ལོ་བཞི་བཅུར་མ་སོན་ཙམ་དུ་གདའ། གཟུགས་འབྲིང་ཙམ་ལ་ལྟོ་བ་ལྡིར། མིག་གཉིས་དམར་པོར་གྱུར་ནས་ཁ་པར་ལ་གྲོགས་དན་བྱེད་པའང་ཟུར་ནས་རྟོགས། མགྲོན་པོའི་སྟེང་ལ་སྡང་སྡིག་སྣ་ཚོགས་སྟོན། ཆམ་པ་ཕོག་པའི་བྱིས་པར་ཁ་ལོ་བའི་དུ་དུག་ཕོག་སྟེ་བརྒྱལ་ལ་ཁད་དུ་ངུ། སྒྲ་སྒམ་ལས་ཆོབ་སྒྲ་དང་ཙག་སྒྲ་ཇེ་མཐོ་ཇེ་བཙན་དུ་གྱུར་ཏེ་བསམ་བཞིན་དུ་མི་ལ་བསྙད་བརྐོ། མགྲོན་པོ་རྣམས་ཀྱིས་ཕན་ཚུན་ཁ་བརྡ་བྱེད་པའི་ཡི་ག་འང་ལོག ཁོའི་རྩིབ་ན་སྡོད་པ་དེས་དོག་མི་བདེ་བའི་ཉམས་ཀྱིས་ཁོ་ལ་ཡང་ཡང་བལྟ། ཁ་ལོ་བས་དེ་དག་ལ་ཁ་ཡ་ཙམ་ཡང་མི་བྱེད་པར་མདུན་ནས་མདུན་དུ་བསྐྱོད། རླངས་འཁོར་ནང་དུ་བླ་མ་ཉི་མ་འདྲ་བ་དག་གི་སྐུ་པར་བཤམས། ཙན་དན་གྱི་ཕྲེང་བ་ནག་པོ་ལག་མགོར་དཀྲིས། བཀའ་འགྱུར་བསྟན་འགྱུར་ཚིག་རེའི་མནའ་ལ་འདྲེན། གོ་ལྡོག་པའི་སྣང་ཚུལ་འདིའི་འོག་ཏུ་ང་ཚོ་གཏེར་ལུང་དུ་འབྱོར། ས་ཆ་གང་ཡིན་སྐད་ཀྱིས་ཤེས་ཀྱང་ཞིབ་ཏུ་སྨྲས་ན་ལ་ལ་ཞིག་གི་སེམས་ལྗིད་ཏིག་གེར་བཏང་འགྲོ་བས་གླེང་མི་སྤྲོ། “རྒྱུ་འབྲས་མིག་བཞིན་སྲུང་བའི་བོད་པ”འདི་ཚོས་མི་ལ་བསྟུན་ཤེས་ཀྱིན་མི་འདུག དགོན་པར་ཁྲི་སྐོར་ལེན་པའི་བོད་པ་འདི་ཚོས་སྒོར་མོ་བཙལ་ཤེས་ཀྱིན་མི་འདུག་ཨང་། ང་ཚོའི་ཁ་ལོ་བ་འདི་ཚོས་མ་ཎི་མང་བོ་འདོན་པ་ལས་མི་གཤིས་སྲུང་ཐུབ་ཀྱིན་མི་འདུག མི་གཤིས་ནི་ཚོང་ལས་ཀྱི་རྨང་རྡོ་ལྟ་བུ་ཡིན་པ་ཤེས་ཀྱིན་མི་འདུག་ཨང་སྙམ་གྱིན་རླངས་འཁོར་ལས་བབས། ད་ཆ་རྐྱེན་ངན་གྲོགས་ཤར་ལྟ་བུས་རང་རེ་རྫོང་ཡུལ་སྐོར་ལྟེ་གནས་སུ་གྱུར་ཅིང་། མགྲོན་པོའི་འགྲུལ་བཞུད་ཅུང་རྒོད་པའི་མགོ་བརྩམས་པ་ནི་ཁ་ལོ་བ་ཚོར་ལེགས་བྱས་ཤིག་ལགས་པས། ཉེ་རིང་གི་མགྲོན་པོའི་ལག་ཡོང་གི་གོ་སྐབས་མ་འཆོར་བར་བྱས་ཏེ། རང་ཁྱིམ་གྱི་འཚོ་ཚིས་ཡར་རྒྱས་ལ་སྒོ་ཀུན་ནས་འབད་རིགས་པ་ཡིན་གྱི། མི་གཤིས་མེད་པའི་སྤྱོད་ངན་གྱིས་རྒྱལ་ཁམས་བརྫད་ན་འདི་ལས་སྙིང་ན་བ་ཞིག་གང་ན་འདུག བག་ཆགས་ངན་པ་ནི་སེམས་ལ་འཇོག་སླ་བས་མི་རིགས་གཞན་གྱི་སྔུན་ནས་རང་གི་དེ་ཉིད་སྟོན་མི་རིགས་ཨང་། ནམ་ཡང་གཞན་ལ་བཀུར་བསྟི་དང་། གུས་བརྩི། མཐོང་ཆེན་བྱས་ན་ད་གཟོད་རང་འབྱོར་གཞན་སྐྱིད་ཡིན་ནོ། ང་ཚོའི་ཚོང་ལས་དཔལ་འབྱོར་མི་ཕམ་པའི་གནས་སུ་ལངས་འདོད་ན་མི་གཤིས་ཀྱི་རྩ་བ་རྒྱས་ཤིང་རྩེ་མོ་རྒྱས་དགོས་པར་སེམས་སོ། ང་རང་དེ་ལྟའི་ངང་ཕྱིར་དྲན་གྱི་ཀློང་དུ་ཤོར། 
    ན་ནིང་། ཞོགས་པ་ཞིག་ལ་ང་ཚོ་ཧང་ཀྲོའུ་ནས་ཧྲང་ཧེ་རུ་ལམ་ལ་ཆས། ཁ་ལོ་བ་སྔ་མོ་ནས་ང་ཚོའི་སྒོར་རྩར་ཡོང་ནས་“ཁྱེད་ལ་དངོས་པོ་མི་ཐུབ་རྒྱུ་ཡོད་ན་ངས་རོགས་བྱེད”ཟེར། བྲེལ་འཚུབ་ཀྱིས་ཁོའི་རྗེས་འབྲང་ནས་རླངས་འཁོར་ལ་བསྡད། མགྲོན་པོ་ཚོ་ཕལ་ཆེར་ཚགས་སུ་ཆུད་འདུག ལམ་འགྲམ་གྱི་ཞོགས་ཟས་སྟབས་བདེ་ཞིག་ཉོས་ནས་ང་ལ་སྤྲད་བྱུང་། “རླངས་འཁོར་ནང་དུ་ད་དུང་ཞོགས་པའི་ཚགས་པར་དང་དུས་དེབ་ཡོད། མདུན་ཕྱོགས་སུ་འཁྱག་སྒམ་ཆུང་ཆུང་ཞིག་ཡོད། འཁྱག་སྒམ་ནང་གི་ཤིང་ཏོག་གི་ཁུ་བ་དང་ཁུ་ནག་དགོས་མཁོ་ཡོད་ན། སོ་སོས་ལེན་ཆོག གལ་ཏེ་འཚིག་ཇ་འཐུང་འདོད་ན། ཚ་དམ་ནང་དུ་འཚིག་ཇ་ཚ་བོ་ཡོད།” དམིགས་བསལ་གྱི་ཞབས་ཞུ་དེ་དག་གིས་ང་ཧང་སངས་སུ་བཅུག་སོང་། སྐབས་རེ་ཁ་ལོ་བ་དང་སྣེ་ཤན་པས་འགྲུལ་བ་རྣམས་ལ“མདུན་ཕྱོགས་སུ་རླངས་འཁོར་ཁེགས་རྒྱུ་མང་བ་དང་། མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཁེགས་གི་མ་རེད། ང་ཚོ་མྱུར་བགྲོད་གཞུང་ལམ་དུ་བསྐྱོད་ན་འགྲིག་གི་རེད་དམ”ཞེས་བཤད། ཁ་ལོ་བ་འདིས་ད་དུང་གཉོམ་དུང་ངེར་བཤད་རྒྱུར། “ང་ནི་སྐད་ཆ་མང་པོ་མི་བཤད་པའི་མི་ཞིག་ཡིན། གལ་ཏེ་ཁྱོད་ཚོས་ང་ལ་ཁ་བརྡ་བྱེད་འདོད་ན། ཆབ་སྲིད་དང་ཆོས་ལུགས་ལས་གཞན་ངས་ཅི་ཡང་ཁ་བརྡ་བྱེད་ཆོག གལ་ཏེ་ཁྱོད་ཚོས་ངལ་གསོ་བྱེད་འདོད་པའམ་ཡང་ན་ཡུལ་ལྗོངས་ལ་ལྟ་འདོད་ན། ངས་ཁ་རོག་གེར་རླངས་འཁོར་སྐོར་ངེས། ཁྱེད་ཚོར་བར་ཆད་མི་བྱེད།” རླངས་འཁོར་ལ་བསྡད་པ་ནས་སྐབས་འདིར། སྔ་གཞུག་བྱས་ནས“ཉིན་གཅིག་ཧྲང་ཧེ་ཡུལ་སྐོར”འགྲུབ་སོང་། ཁ་ལོ་བ་རླངས་འཁོར་ལས་བབས་རྗེས། འགྲུལ་བ་འབབ་སའི་སྒོ་ནས་ལངས་ཏེ་ཧ་ཅང་གུས་པའི་ཉམས་ཀྱིས་མི་རེ་རེར་མིང་བྱང་རེ་སྤྲད་དེ། “རྗེས་སུ་གོ་སྐབས་ཡོད་ན་ཡང་བསྐྱར་ཁྱེད་རང་ལ་ཞབས་ཞུ་བསྒྲུབ་རྒྱུའི་རེ་བ་ཡོད།” ང་དང་ངའི་འགྲོ་རོགས་འགྲུལ་བ་ཚོ་ཁོའི་ཞབས་ཞུ་ལ་ཡིད་ཚིམས་ཡོད། ཉིན་གང་གི་ཡུལ་སྐོར་གྱིས་ཡིད་བཟི་ནས་ཡོད། ཚད་ལྡན་གྱི་གླ་ཆ་དེ་ཡང་འབབ་ཤག་ཤག་ཏུ་བསམ་ནས་ཡོད། གསར་འགྱུར་ཞིག་ལས་གྲོང་ཁྱེར་ཆེ་གེ་མོའི་ཁ་ལོ་བ་གཞན་ཞིག་གི་གཏམ་རྒྱུད་འདི་འདྲ་ཞིག་ཀྱང་ཞིག་མཐོང་སྟེ། སྔོན་ཆད་ཏ་ལེན་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཁ་ལོ་བས་རླངས་འཁོར་གཏོང་བའི་ལམ་བར་དུ་གློ་བུར་དུ་སྙིང་ནད་ལངས་སོང་། ཚེ་སྲོག་གི་མཇུག་མཐའི་སྐར་མ་གཅིག་གི་ནང་དུ། ཁོས་དོན་དག་གསུམ་བསྒྲུབས་པ་སྟེ། དང་པོ་རླངས་འཁོར་དལ་མོའི་ངང་ལམ་འགྲམ་དུ་བསྡད་ཅིང་། མཇུག་མཐའི་ལག་ཤེད་གང་ཡོད་ཀྱིས་འཁོར་བགག་འཐེན་པ་རེད། གཉིས་པ་ནུས་ཤུགས་ཡོད་རྒུ་བཏོན་ནས་རླངས་འཁོར་གྱི་སྒོ་ཕྱེས་ཏེ་འགྲུལ་བ་རྣམས་བདེ་འཇགས་ངང་རླངས་འཁོར་ལས་འབབ་ཏུ་འཇུག་ཐུབ་སོང་། གསུམ་པ་རླངས་འཁོར་གྱི་མེ་བསད་པས་རླངས་འཁོར་དང་འགྲུལ་བའི་བདེ་འཇགས་འགན་ལེན་ཐུབ་ཡོད། ཁོས་དོན་དག་འདི་གསུམ་བསྒྲུབས་ཚར་རྗེས། ཁ་སྒྱུར་འཁོར་ལོའི་སྟེང་ནས་དབུགས་འབྱིན་རྔུབ་མཚམས་བཞག་པ་རེད། ཁོའི་མིང་ལ་ཧོང་ཀྲི་ཆོན་ཟེར་ཞིང་། ཁོ་ནི་སྤྱིར་བཏང་གི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཡིན་ཞིང་། ཁོས་ཚེ་སྲོག་གི་མཐའ་མའི་སྐར་མ་གཅིག་གི་ནང་དུ་བསྒྲུབས་པའི་བྱ་བ་ཐམས་ཅད་ཧང་སངས་མི་དགོས་མོད། འོན་ཀྱང་ཁོ་ནི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཡོད་པའི་མི་ཞིག་གི་མིག་དཔེ་དང་སྤོབས་པ་རུ་གསར་འགྱུར་དུ་ཚ་ཚ་འུར་འུར་ངང་བསྒྲགས་སོང་བ་དེ་རེད། དེ་ནི་གསར་འགྱུར་གྱི་ཆེད་དུ་གསར་འགྱུར་བཟོས་པ་ཞིག་ཀྱང་མ་རེད། ང་ཚོའི་བོད་ཀྱི་ཁ་ལོ་བ་དག་ཞོར་ལས་ལས་མཁན་གྱི་གྲས་ཏེ་བློ་སྦྱོང་ཅི་ཡང་མེད་པས་རང་གི་མི་གཞི་དང་འགན་འཁྲི་སྲུང་མི་ཤེས་པའི་ཚོང་གཉེར་བ་རྐྱང་རྐྱང་དག་རེད། དེང་རབས་དཔལ་ཡོན་གྱི་སྤྱི་ཚོགས་སུ་མི་གཤིས་ཀྱིས་མིའི་རིན་ཐང་འཇལ་གྱིན་འདུག་པའི་དུས་ན། ང་ཚོའི་ཉེ་འཁོར་གྱི་ཁ་ལོ་བ་ཚོས་མི་དག་ས་འདྲུད་རྡོ་འདྲུད་བྱས་ཏེ་བཙན་སྐད་སྒྲོག་བཞིན་གླ་ཆ་མ་འཕྲོག་ཙམ་བྱེད། འདི་ནི་ང་ཚོ་དང་ཁོ་ཚོའི་བར་ཐག་རེད། འདི་ནི་ང་ཚོ་དང་ཁོ་ཚོའི་རྒྱུ་འབྲས་རེད། ང་ཚོ་དེང་རབས་ཀྱི་དཔལ་ཡོན་དང་བར་ཐག་ཇི་ཙམ་གྱིས་རིང་བ་སུ་ཞིག་གིས་ཁ་གསབ་བྱེད་ཨང་།།