འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་
མཆོག་ཀན་ལྷོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཕེབས་པ།
藏文报
作者:
新闻 时间:2022年01月22日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 1པའི་ཚེས 17ཉིན་ལ། ཞིང་ཆེན་དམངས་ཆེན་གྱི་འཐུས་མིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ཀན་ལྷོའི་འཐུས་མི་ཚོགས་པས་སྲིད་གཞུང་གི་བྱ་བའི་སྙན་ཞུ་གྲོས་ཞིབ་བྱེད་པར་ཕེབས་པ་དང་། ཁོང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་ཐིག་བྱས་ཏེ་རང་ཞིང་གི་མི་རིགས་བྱ་བའི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་གྱིས་གསུངས།
འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་རང་ཞིང་གི་མི་རིགས་བྱ་བའི་ཐད་ལ་གྲོས་གཞི་འགའ་གསུངས་པ་སྟེ། གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དེ། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་རྩ་བའི་སྲུང་བྱ་ཡིན་པས། ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་ནས། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་གཞིས་ཁྱིམ་བསྐྲུན་རྒྱུ་དང་མི་རིགས་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་རྒྱུ། མི་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རང་ཞིང་གི་མི་རིགས་བྱ་བའི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གཏོད་དགོས། གཉིས་སུ་ང་ཚོས་ངེས་པར་དུ་རང་ཞིང་གི་མི་རིགས་ས་ཁུལ་གྱིས་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བར་འདྲེས་སུ་འཇུག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཇུག་སྒོ་དང་ཤུགས་སྣོན་ས་མངོན་ཐུབ་པ་བཅས་བྱས་ནས། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གསུམ་དུ་ང་ཚོས་རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བརྟན་པོ་ཡོང་བ་བྱས་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མི་རིགས་ཁ་བྲལ་ལ་ངོ་རྒོལ་བཅས་བྱས་ཏེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐར་ཕྱིན་པ་བྱ་དགོས། བཞི་རུ་རང་ཞིང་གི་མི་རིགས་ས་ཁུལ་གྱི་ཆོས་ལུགས་བྱ་བར་སྔར་ལས་ཤུགས་སྣོན་དགོས་ཤིང་། ང་ཚོས་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་དང་། ཆོས་ལུགས་བྱ་བ་ཁྲིམས་ལྟར་དོ་དམ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་བསྟུན་པའི་འཕེལ་རིམ་ལ་སྐུལ་སྤེལ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་བྱས་བརྗེ་མང་ཙམ་འཇོག་དགོས་ཞེས་གསུངས།།