本版导航 各版导航 视觉导航 标题导航 以往报纸

ཅོ་ནེ་རྫོང་གི་མོག་རོ་ཆུང་ཆུང་དེ་ཐོན་ལས་ཆེན་མོ་རུ་གྱུར་པ།

藏文报 新闻    时间:2022年06月25日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཅོ་ནེ་རྫོང་གི་མོག་རོའི་དཔེ་སྟོན་འདེབས་འཛུགས་གཞི་ས་དེ་རྫོང་མཁར་དང་བར་ཐག་སྤྱི་ལེ 14ཡོད་པའི་མ་རུ་གྲོང་རྡལ་ཁྱུང་མགོ་སྡེ་བ་རུ་ཡོད་ལ། གནས་དེ་རུ་ས་བབ་ཀྱི་ཆ་རྐྱེན་ལེགས་ཤིང་འགྲིམ་འགྲུལ་སྟབས་བདེ་བ་རེད།
    གཞི་ས་འཛུགས་སྐྲུན་བྱས་པ་དེ་ནི་ཅོ་ནེ་རྫོང་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་བའི་དགོངས་དོན་དང་རྫོང་ཨུའི“11358”ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བཀོད་སྒྲིག་ཅིག་ཡིན་ལ། མ་རུ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བཟུང་ནས་ཞིང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་སྒྲིག་གསར་བར་དམིགས་ཏེ། ཞིང་ལས་ཐོན་ལས་ཀྱི་སྒྲིག་གཞི་ཇེ་ལེགས་སུ་གཏོང་བ་དང་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་རམ་འདེགས་བྱས་པ་ཞིག་ཡིན།
    མོག་རོ་འདེབས་འཛུགས་གཞི་སར་མ་དངུལ་སྒོར་ཁྲི 1500བཏང་སྟེ། “ཅོ་ནེའི་མོག་རོ”ཞེས་པའི་ཁྱད་ལྡན་སྤུས་རྟགས་སྐྱེད་སྲིང་བྱས་ཤིང་། གཞི་ས་ཡིས་མོག་རོ་དང་མཐོ་སྒང་གི་དབྱར་ཚལ། ཕོ་སུལ་ཤ་མོ་བཅས་ལོ་གཅིག་ལ་འདེབས་འཛུགས་ཐེངས་གསུམ་བྱེད་པའི་འདེབས་འཛུགས་རྣམ་པ་སྤྱད་དེ། “ཏང་འཛུགས་སྐྱོང+ཁེ་ལས+ཐུན་མོང་དཔལ་འབྱོར+གཞི་ས+ཤེས་ལྡན་མི་སྣ+ཞིང་ཁྱིམ”གྱི་ཐོན་ལས་ཅན་གྱི་མཉམ་འགུལ་རྣམ་པ་ཁྱབ་གདལ་དུ་བཏང་བ་དང་། གཞི་ས་རུ་འགྲེམ་སྟོན་དང་ཁྱབ་གདལ། གསོ་སྦྱོང་། སྤུས་རྟགས་སྐྱེད་སྲིང་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། རྫོང་ཡོངས་ནས་ཆ་རྐྱེན་དང་ལྡན་ལ་འདོད་མོས་ཡོད་པའི་རོང་འབྲོག་ཁྱིམ་ཚང་གིས་ཤ་མོའི་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་བྱས་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བའི་ཐབས་ལམ་རྒྱ་ཆེར་བཏང་།
    མིག་སྔའི་བར་དུ། རིམ་བསགས་ཀྱིས་བརྩིས་ན་ཉེ་འགྲམ་གྱི་ཤང་དང་གྲོང་རྡལ། སྡེ་བ་སོགས་ཀྱི་མི 188ཀྱིས་གཞི་ས་ནས་ལས་ཀ་ལས་མྱོང་ཞིང་། མི་རེར་ཟླ་རེར་ཡོང་འབབ་སྒོར 3600ཐོབ་པས་སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པོ་ཐོན་ཡོད། མི 400ལ་མོག་རོ་འདེབས་འཛུགས་བྱེད་པའི་ལག་རྩལ་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་དུ་ཞུགས་མཁན་ལ་རོང་འབྲོག་མང་ཚོགས་དང་ཆེད་ལས་ལག་རྩལ་མི་སྣ། ཤང་དང་གྲོང་རྡལ་གྱི་ཞིང་འབྲེལ་ལས་བྱེད་པ་བཅས་ཡོད་ལ། ཁོ་ཚོར་ཡུལ་དངོས་ནས་མོག་རོ་འདེབས་འཛུགས་བྱེད་པའི་བརྒྱུད་རིམ་ཧྲིལ་བོ་དཔེ་སྟོན་དང་འགྲེལ་བཤད་བྱས།
    མ་རུ་གྲོང་རྡལ་གྱིས་གཞུག་ཕྱོགས་སུ་རྒྱུན་ཆད་མེད་པར་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བཟུང་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་སྦྲེལ་ཐག་རྒྱ་སྐྱེད་དུ་གཏོང་བར་དམ་པོར་དམིགས་ཏེ། མ་རུ་གྲོང་རྡལ་གྱི“18261”གི་འཕེལ་རྒྱས་འཐབ་ཇུས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་ནུས་ཤུགས་ཡོད་རྒུས“གནོད་མེད་ལྔའི་ཀན་ལྷོ”འཛུགས་སྐྲུན་དང“བཅུ་ཡོད་གཞིས་ཁྱིམ”གསར་སྐྲུན་བྱེད་པར་སྔ་ན་མེད་པའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ལ། ཞིང་སྡེ་དར་རྒྱས་མངོན་འགྱུར་འབྱུང་བར་ཡང་དག་པའི་ཁ་ཕྱོགས་སྟོན་རྒྱུ་ཡིན་པ།།