ན་གཞོན་ལས་བྱེད་པ་ལས་ཞུགས་ཁྲོད་རུལ་སུངས་སུ་འགྱུར་བར་གཟབ་དགོས།
藏文报
作者:
新闻 时间:2022年06月25日 来源:藏文报
སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ན་གཞོན་ལས་བྱེད་པར་སློབ་གསོ་དང་དོ་དམ། ལྟ་སྐུལ་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ན་གཞོན་ལས་བྱེད་པ་ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་དང་བློས་འགེལ་ཆོག་པའི་ལས་བྱེད་པར་འགྱུར་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱ་དགོས་པའི་ནན་བཤད་གནང་། ན་གཞོན་ལས་བྱེད་པར་རུལ་སུངས་འབྱུང་སླ་བ་དང་མང་དུ་འབྱུང་བའི་ཉེན་ཁ་ཆེ་བའི་གནས་ཚུལ་ལ་དམ་པོར་དམིགས་ཏེ། ནད་ཐོག་སྨན་བཅོས་ཀྱིས་གནད་དོན་ཐག་གཅོད་བྱས་ཏེ། སློབ་གསོ་ནན་མོ་དང་དོ་དམ་ནན་མོ། ལྟ་སྐུལ་ནན་མོ་བཅས་བྱ་དགོས།
བསླུ་བྲིད་མདུན་དུ་ཕམ་ཉེས་བྱུང་བ་དང་གོམས་སྲོལ་ངན་པའི་ཁྲོད་རྨོངས་ཚོད་ཀྱིས་རྗེས་འདེད་བྱེད་པ་དེ་མཐར་གཏུགས་ནས་བཤད་ན་བསམ་བློའི་འབྱུང་རྩ་ཡིན་པ་དང་། ལྟ་བ་གསུམ་ལ་གནད་དོན་བྱུང་བ་རེད། ད་ལྟའི་ན་གཞོན་ལས་བྱེད་པ་ནི་བཅོས་སྒྱུར་སྒོ་དབྱེ་དང་བསྟུན་ནས་འཚར་ལོངས་བྱུང་། དངོས་པོ་བལྟོས་བཅས་ཀྱི་འབྱོར་ཕྱུག་ལྡན་པའི་དུས་རབས་སུ་འཚོ་བ་སྐྱེལ་བཞིན་ཡོད། སློབ་གཉེར་བརྒྱུད་རིམ་མཐོ་བ། བསམ་བློ་འཁྲུག་པོ། འདུ་ཤེས་གསར་བ་བཅས་ཡིན། འོན་ཀྱང་དེ་དང་ཆབས་ཅིག་ན་གཞོན་ལས་བྱེད་པ་མང་ཆེ་བ་ནི་ཁྱིམ་དང་སློབ་གྲྭ། དེ་ནས་ལས་ཁུངས་བཅས་སུ་བསྐྱོད་དེ་དཀའ་སྤྱད་ཀྱི་འཚོ་བ་དང་རླུང་རླབས་ཆེན་པོའི་ཚོད་བགམ་བརྒྱུད་མེད་པ་དང་། ཏང་གཤིས་སྦྱོང་བརྡར་དང་སྤྱི་ཚོགས་ཀྱི་མྱོང་བ། ལག་ལེན་ནང་སྦྱོང་བརྡར་ཐེབས་པ་བཅས་བལྟོས་བཅས་ཀྱིས་མི་འདང་བ། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་མཐའ་ཚད་ཀྱི་འདུ་ཤེས་འཛིན་ཤུགས་ཆུང་བ། བླང་དོར་ནུས་པ་མི་འདང་བ། ངེས་ཤུགས་དང་རང་གཅུན་ནུས་པ་མི་འདང་བ་བཅས་ཀྱི་དབང་གིས་བསླུ་བྲིད་དང་རུལ་བསླད་ཀྱི་མདུན་དུ་རང་ཉིད་བརླག་སླ་བ་རེད།
ན་གཞོན་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་དཔེར་དབྱེ་ཞིབ་བྱེད་སྐབས། “སློབ་གསོ་ཁྲིད་སྟོན་གྱི་ལས་གནས་སྟོང་པར་ལུས་པ”དང་། “ལྟ་སྐུལ་དོ་དམ་ཤུགས་ཆུང་བ”སོགས་ཀྱི་གནད་དོན་ཡང་ཅུང་རྒྱུན་མཐོང་རེད། སྡེ་ཚན་དང་སྡེ་ཁག་ཁ་ཤས་ཀྱིས་ན་གཞོན་ལས་བྱེད་པའི་བཀོལ་སྤྱོད་ལ་མཐོང་ཆེན་དང་ལྟ་སྐུལ་དོ་དམ་ལ་སྣང་ཆུང་དང་། འཇོན་ནུས་དང་འཇོན་ནུས་གསོ་སྐྱོང་ཁོ་ནར་མཐོང་ཆེན་བྱེད་པ་ལས། ཆབ་སྲིད་ཀྱི་བྱང་ཚད་དང་སྤྱོད་གཙང་སྤྱོད་ལམ་ཐད་ཀྱི་སློབ་གསོ་དང་གསོ་སྐྱོང་སྣང་མེད་དུ་བཞག་ཅིང་། ན་གཞོན་ལས་བྱེད་པ་ལ་ལ་ལས་གནས་སུ་ཞུགས་འགོ་བརྩམས་པ་ནས་བཟུང་བརྟན་པོ་དང་ཏན་ཏིག་མིན་པ་དང་། འཁྱོག་འགྲོ་གཡོན་བགྲོད་སྐབས་ཀྱང་དུས་ཐོག་ཏུ་དྲན་སྐུལ་དང་ཡོ་བསྲང་ནུས་ལྡན་མ་བྱས་པས་ལམ་འཁྱོག་ཏུ་ཕྱིན་འགྲོ། སྡེ་ཚན་ཁ་ཤས་ཀྱིས་ནང་ཁུལ་ཚོད་འཛིན་གྱི་ནང་རྐྱེན་འཐུས་ཚང་མིན་པ་དང་། བྱ་བའི་གོ་རིམ་ཚད་ལྡན་མིན་པ། རང་མོས་ཀྱིས་བྱ་བ་ཐག་གཅོད་པའི་དབང་ཆ་ཅུང་ཆེ་བ་བཅས་ཀྱི་དབང་གིས་ཁྲིམས་འགལ་གྱི་སྣང་ཚུལ་འབྱུང་།
ན་གཞོན་ལས་བྱེད་པའི་རུལ་སུངས་གནད་དོན་ལ་ཚད་མཐོའི་དོགས་ཟོན་བྱེད་པ་དང་ནད་བསྟུན་སྨན་སྤྲོད་བྱས་ནས་འཚར་ལོངས་ཡོང་བའི “དུས་ཚོད་ཡག་ཤོས”དེ་ལྐོག་ཟ་རུལ་སུངས་ཀྱི “ཉེན་ཁའི་དུས་སྐབས”སུ་འགྱུར་རྒྱུ་སྔོན་འགོག་བྱེད་དགོས།
ན་གཞོན་ལས་བྱེད་པར་ཆབ་སྲིད་ཀྱི་ཆ་རྐྱེན་འཛོམས་མེད་པ་དང་བསམ་བློ་བརྟན་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོ། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་སློབ་གསོ་བཅས་ཏན་ཏིག་ངང་སྤེལ་བ་དང་། རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ན་གཞོན་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་བརྟན་ཤུགས་ཆེ་རུ་གཏོང་བ། “སྤྱིའི་གློག་སྒོ”དམ་པོར་སྒྲིམ་པ། རུལ་རྒོལ་འགྱུར་འགོག་གི་ཆབ་སྲིད་ཀྱི་འགག་སྒོ་དང་དབང་ཆ། འགྲོ་འོང་གི་འགག་སྒོ། འཚོ་བའི་འགག་སྒོ། བརྩེ་སེམས་ཀྱི་འགག་སྒོ་བཅས་བརྟན་སྲུང་བཅས་བྱ་དགོས།
ན་གཞོན་ལས་བྱེད་པའི་ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ་ཆར་རླུང་བརྒྱུད་པ་དང་། མཐོང་ཐོས་བྱུང་བའི་ཁྲོད་དུ་འཇོན་ཐང་འཕེལ་བ། སྙིང་སྟོབས་ཆེར་སྐྱེད་བཅས་བྱས་ནས་ཞུམ་མེད་ཀྱི་བློ་སྟོབས་གཤིས་རྒྱུད་དང་ཆབ་སྲིད་ཀྱི་བརྟན་ཤུགས་གསོ་སྐྱོང་བྱ་དགོས། དུས་རྒྱུན་གྱི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་གཙོ་གནད་ཇི་ཙམ་གྱིས་འདེམས་སྒྲུག་བྱས་ན་དེ་ཙམ་གྱིས་གཙོ་གནད་དུ་བཟུང་སྟེ་དོ་དམ་བྱ་དགོས་པ་དང་། གསོ་སྐྱོང་གི་གཏིང་ཤུགས་དེ་ཙམ་གྱིས་བླང་བྱ་ནན་པོ་འདོན་པ། དེའི་བསམ་བློའི་གནས་ཚུལ་དང་འཚོ་བའི་གནས་ཚུལ་ལ་དོ་སྣང་བྱེད་པ། རྒྱུན་དུ་སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱེད་པ་བཅས་བྱས་ནས་མགོ་འབུས་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ལ་དུས་ཐོག་ཏུ་དྲན་སྐུལ་དང་ཉེན་བརྡ་གཏོང་དགོས།
སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཅིག་གྱུར་ཐོག་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ན་གཞོན་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་དུས་མཚུངས་དཔེ་མཚོན་གྱོད་གཞིའི་རྒྱབ་ངོས་ཀྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་སྒྲིག་གཞི་དང་ལམ་སྲོལ་གྱི་གནད་དོན་དང་ལམ་ལུགས་ཀྱི་སྐྱོན་ཆ་འཚོལ་ཞིབ་བྱས་ནས་གྱོད་གཞི་ཐོན་སའི་ཚན་པར་ལམ་ལུགས་འཐུས་ཚང་དང་དར་སྲོལ་ལེགས་སུ་གཏོང་རྒྱུར་ལྟ་སྐུལ་བྱ་དགོས།།