本版导航 各版导航 视觉导航 标题导航 以往报纸

ལི་ཁེ་ཆང་གིས་ ཧི་པེ་ཞིང་ཆེན་ གྱི་བྱ་བར་རྟོག་ཞིབ་བྱས་པ།

藏文报 新闻    时间:2022年06月25日    来源:藏文报

    ཟླ 6པའི་ཚེས 21ཉིན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧི་པེ་ཞིང་ཆེན་ཀའོ་པེ་ཏིན་དང་ཀྲུའོ་ཀྲོའུ་རུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་ཆེན་པོའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱེད་པ། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་ཁག་ལག་བསྟར་ཡག་པོ་བྱེད་པ། བཅོས་སྒྱུར་གྱི་བྱེད་ཐབས་ལ་བརྟེན་ནས་དཀའ་གནད་སེལ་རྒྱུར་མཐོང་ཆེན་བྱེད་པ། དབྱར་ཁའི་འབྲུ་རིགས་མཛོད་དུ་བསྡུ་བ་དང་འདེབས་འཛུགས་བྱ་བ། ནུས་ཁུངས་མཁོ་སྤྲོད་འགན་ལེན་ལ་སྔར་ལས་དམ་འཛིན་བཟང་བོ་བཅས་བྱས་ཏེ། དངོས་གོང་བརྟན་པོ་ཡོང་བར་བྱས་ནས། དམངས་འཚོར་འགན་ལེན་དང་དཔལ་འབྱོར་ཇེ་བརྟན་དུ་གཏོང་བའི་ཐད་འདེགས་སྐྱོར་བརྟན་པོ་ཞིག་མཁོ་འདོན་བྱ་དགོས།
    ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། རང་རྒྱལ་ནི་འཛམ་གླིང་ཉོ་ཚོང་བྱ་བ་ལ་ལེགས་སྐྱེས་འབུལ་མཁན་དང་ཕན་པ་ཐོབ་མཁན་ཞིག་ཡིན་པས། རྒྱལ་སྤྱིའི་ནུས་ཁུངས་ཚོང་ར་བརྟན་པོ་ཡོང་ན། གཞི་ནས་རྒྱལ་ཁབ་ཁག་ལ་ཕན་པ་ཡོད། རང་རྒྱལ་གྱིས་རྡོ་སོལ་གཙོ་བོར་བྱེད་པའི་ནུས་ཁུངས་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་བཟང་བོ་བྱས་ན། རང་ངོས་ཀྱི་ནུས་ཁུངས་འགན་ལེན་ནུས་པ་ཆེ་རུ་གཏོང་རྒྱུར་ཕན་པ་མ་ཟད། འཛམ་གླིང་གི་ནུས་ཁུངས་རིན་གོང་དང་རྒྱལ་སྤྱིའི་ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་རྒྱུར་ཡང་ཕན་པ་ངེས་ཅན་ཡོད།
    ལི་ཁེ་ཆང་གིས་ཧི་པེ་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ནས།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། དངོས་གཉེར་གསར་གཏོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།
    ཞའོ་ཅེ་དང་ཧི་ལི་ཧྥུན་གྱིས་རྟོག་ཞིབ་བྱེད་རོགས་བྱས།།
           (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འཕྲིན་ལྟར།)