རྨ་ཆུ་རྫོང་གིས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསབ་སྤྲོད་ཁུལ་གྱི་
འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་པ།
藏文报
作者:
新闻 时间:2023年08月02日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)རྨ་ཆུ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་འགན་འཁྲི་གཙོ་བོ་རུ་བརྩིས་ནས་སྐྱེ་ཁམས་སྔོན་ལ་སྤེལ་བའི་འཐབ་ཇུས་རྒྱུན་འཁྱོངས་ཀྱིས་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ནས་རྒྱུན་རྣམ་ཅན་གྱི་རྩྭ་ཕྱུགས་དོ་སྙོམས་ཡོང་བ་བྱས་ཏེ་རི་ཆུ་ནགས་དང་། ཞིང་ས། མཆེའུ། བྱེ་མ་བཅས་ཀྱི་རྩྭ་ཐང་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་སྐྱེད་སྲིང་ཁུལ་བསྐྲུན་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་། ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། བྱེ་འགོག་བྱེ་བཅོས་ལག་བསྟར་ཤུགས་ཆེན་བཏང་སྟེ་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བཙུགས་པ། བེད་སྤྱོད་ཆོག་པའི་རྩྭ་ཐང་མུའུ་ཁྲི 1288གཞི་རྩའི་རྩྭ་ཐང་དུ་དབྱེ་འབྱེད་བྱས་ཤིང་སྲུང་སྐྱོང་ནན་པོ་བྱས་ཏེ་སྐྱེ་ཁམས་ནགས་སྲུང་བ་དང་རྩྭ་ཐང་བདག་གཉེར་བ་གདན་ཞུ་བྱས་ནས་རྩྭ་ཐང་དང་བྱེ་འགྱུར་ས་ཆ་སོགས་ལ་དོ་དམ་སྲུང་སྐྱོང་བྱས་པ་དང་དམངས་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་དང་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཧུར་ཐག་སྒོས་ཞུགས་རྒྱུའི་སྐུལ་ལྕག་བྱས་པས། སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་རྣམ་པ་ཞིག་ཆགས་ཡོད། བྱེ་འགོག་བྱེ་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་བརྒྱབ་ནས་རིམ་རྩིས་བྱས་ན་བྱེ་འགྱུར་ཁུལ་མུའུ་ཁྲི 3.99(བྱེ་འབུར་མུའུ་ཁྲི 6.51དང་བྱེ་འགྱུར་རྩྭ་ཐང་མུའུ་ཁྲི་27.48)བཅོས་སྐྱོང་བྱས་པ་དང་། “ས་ནག་ཐང”གི་ཞན་འགྱུར་རྩྭ་ཐང་མུའུ་ཁྲི 122.52བཅོས་སྐྱོང་བྱས། ཞན་འགྱུར་དང་བྱེ་འགྱུར་རྩྭ་ཐང་བཅོས་སྐྱོང་བྱེད་ཤུགས་ལོ་རེ་བཞིན་ཆེ་རུ་བཏང་བ་བཅས་བྱས་པས་རྨ་ཆུའི་དུམ་བུའི་སྐྱེ་ཁམས་ཁོར་ཡུག་ནུས་ལྡན་སྒོས་ལེགས་སུ་བཏང་ཡོད། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་ས་ཆ་ལྗང་འགྱུར་བྱ་སྤྱོད་སྤེལ་ནས་ལོ་གཉིས་ལ་བསྟུད་མར“གནོད་མེད་ལྔའི་ཀན་ལྷོ་དང་དམངས་ཡོངས་ཀྱིས་མ་ཡུམ་ཆུ་བོར་མཉམ་དུ་སྲུང་སྐྱོང་བྱེད་པའི”བྱེད་སྒོ་སྤེལ་ནས་རྨ་ཆུའི་འགྲམ་རྒྱུད་ཀྱི་བྱེ་འགྱུར་ཁུལ་དུ་ཁྱོན་ལྗོན་ཤིང་ཁྲི 67.83བཙུགས་པ་དང་། རྩྭ་ཐང་གྲུ་བཞིར་བགོས་ནས་བྱེ་མ་མུའུ 515མནན་པ་དང་། བྱེ་འགོག་བྱེ་བཅོས་མུའུ 500བྱས་པ་རེད། རྒྱལ་ཁབ་བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རྨ་ཆུའི་འགྲམ་ངོགས་གཉིས་ཀྱི་བྱེ་འགྱུར་རྩྭ་ཐང་གཅིག་བསྡུས་ཁྱབ་ཚུལ་ཁུལ་དུ་སྤྱི་ལེ་གྲུ་བཞི་མ 100ཡོད་པའི་རྒྱལ་ཁབ་བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོང་ཁུལ་བཙུགས་པ་དང་། བཀག་སྡོམ་སྒྲིག་བཀོད་འཛུགས་སྐྲུན་དང་བྱེ་འགོག་བྱེ་མནན་སོགས་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་དང་ཕན་འབྲས་ལྟ་ཞིབ་ཚད་ལེན་དང་དྲིལ་བསྒྲགས་སློབ་གསོ་དང་དོ་དམ་སོགས་ཀྱི་བྱ་བ་སྤེལ། བརླན་ས་སྲུང་སྐྱོང་དང་ཉམས་གསོའི་བྱ་བ་སྤེལ་བ་མགྱོགས་སུ་བཏང་ནས་གཙོ་གནད་བརླན་སར་ར་བ་བསྐོར་ནས་སྲུང་སྐྱོང་དང་། ཞན་འགྱུར་བརླན་སའི་སྔོ་ཁེབས་སླར་གསོ། བརླན་ས་སྔོ་ཁེབས་སླར་གསོ་དཔེ་སྟོན་ཁྱབ་གདལ། ཕྱུགས་བསྐྱུར་བརླན་གསོ་སོགས་ཀྱི་བྱ་ཐབས་བརྒྱུད་བརླན་ས་མུའུ་ཁྲི 30.8སླར་གསོ་བྱས་ནས། རི་ཆུ་ནགས་དང་ཞིང་ས། མཚེའུ་དང་རྩྭ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། རྨ་ཆུ་རྫོང་གིས 2021ལོ་ནས 2022ལོའི་བར་གྱི་རི་ཆུ་ནགས་དང་། ཞིང་ས། མཚེའུ། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ལས་གྲྭ་གཙོ་བོ་ནི་བྱེ་འགྱུར་རྩྭ་ཐང་དང་། ཞན་འགྱུར་རྩྭ་ཐང་། བདག་མེད་གཏེར་རིའི་སྐྱེ་ཁམས། བརླན་ས་སོགས་ཉམས་གསོ་དང་། འབབ་རྒྱུད་ཆུང་གྲས་བཅོས་སྐྱོང་། རྨ་ཆུའི་འགྲམ་ངོགས་ཀྱི་བྱེ་འགོག་ནགས་ཚལ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ཡིན་པ་དང་ཉམས་གསོའི་གཞི་ཁྱོན་མུའུ་ཁྲི 37.76ཟིན་ཡོད།
སྐྱེ་ཁམས་སྲུང་སྐྱོང་གནད་སར་བཟུང་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། བྱེ་འགྱུར་དང་ཞན་འགྱུར་རྩྭ་ཐང་ཉམས་གསོའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། 2021ལོར་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད 98.33%ཟིན་པ་དེ 2016ལོ་ལས་བརྒྱ་ཆའི་གྲངས 0.15ཡིས་མཐོ་བ་ཡོད་པ་དང་། བྱེ་འགྱུར་རྩྭ་ཐང་གི་རྒྱ་ཁྱོན་དེ 2012ལོའི་མུའུ་ཁྲི 80ནས་ད་ལྟའི་མུའུ་ཁྲི 46.01བར་ཆག་ནས་མུའུ་ཁྲི 3.99ཉུང་དུ་ཕྱིན་པ་དང 42.49%ཆག་ཡོད་པ་རེད། རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་ཅིང་། གཙོད་དང་གནའ་བ་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་ཁྱུ་ཚོགས་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་དང 2021ལོར་རྨུར་བྱེ་ཤང་གི་ས་ཁོངས་སུ་གཙོད་དང་གནའ་བ་སོགས་ཀྱི་ཁྱུ་ཚོགས་ཀྱི་གྲངས་འབོར 5000ཟིན་ཡོད། ཉེ་བའི་ལོ་ཤས་རིང་། སྤྱང་ཀི་དང་ཝ་མོ་སོགས་ཤ་གཟན་སྲོག་ཆགས་ཀྱི་གཟུགས་བརྙན་ཡང་རིམ་བཞིན་མང་དུ་སོང་བ་དང་། ས་གནས་དེ་གའི་འབྲོག་པས་གསའ་མང་བོ་མཐོང་མྱོང་བ་མ་ཟད་པར་ཡང་བླངས་ཡོད། 2021ལོའི་ཟླ 10བར་རྨ་ཁུག་རྟ་ར་དང་སྨད་མ་གྲོང་རྡལ་གླང་ཆུའི་ཆོ་རྒན་བརླན་ས་ནས་བྱ་རིགས 300ལྷག་འཚོ་སྡོད་བྱེད་པ་དང་། ཁྲུང་ཁྲུང་ནག་པོ་དང་། ཁྲུང་ཁྲུང་མགོ་ཁྲ། ངང་སེར་སོགས་འདབ་ཆགས་རྩ་ཆེན་འབོར་ཆེན་ཞིག་ལྷོ་ལ་འཕུར་ཏེ་དགུན་སྐྱེལ་བར་གྲ་སྒྲིག་བྱེད་བཞིན་ཡོད།།