བཀྲ་ ཤིས་ པའི་ ཁ་ བཏགས།
-ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར ༧༠ལོན་པར་བྲིས་པ།
ཚངས་དབྱངས་པ། [གཙོས]
藏文报
作者:
新闻 时间:2023年08月02日 来源:藏文报
འཛམ་གླིང་དབང་ཕྱོགས་ས་འཛིན་རྩེ་ནས་སྐྱ་རེངས་གསར་བས་སྔུན་བསུས་ཤིང་།།
ཕན་བདེ་དཀྱིལ་འཁོར་རྒྱས་པའི་ཉི་མ་སྡུག་བསྔལ་མུན་པ་སེལ་བའི་གཉེན།།
གངས་དཀར་རི་བོའི་མཁའ་ལ་མངོན་འཕགས་ལེགས་བྱས་འོད་སྣང་འགྱེད་པའི་མོད།།
སྔར་མེད་དགེ་མཚན་འབུམ་གྱིས་ཡོངས་ཁྱབ་འགྲོ་བའི་ཡིད་ཀྱི་ཚལ་ཆེན་བཞད།།
བསིལ་ལྗོངས་མདོ་སྨད་ནོར་འཛིན་ཐིག་ལེ་རུ།།
ཀན་ལྷོ་ཞེས་བྱའི་མཚན་གྱི་རོལ་མོ་སྙན།།
ཁུལ་འདི་དབུ་བརྙེས་བགྲང་བྱ་བདུན་ཅུ་ཡི།།
བཀྲ་ཤིས་འཁྲུངས་སྐར་ཁ་བཏགས་དཀར་པོས་བསུ།།
འདི་ནས་ཡར་རྩིས་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུའི་དུས་འགོ་ལ།།
ཡུལ་འདིར་འཚོ་བའི་བོད་རིགས་གཙོ་བགྱིས་མི་རིགས་ཁག་གི་མི་དམངས་རྣམས།།
བཅིངས་པ་ལས་གྲོལ་རང་དབང་ཐོབ་སྟེ་སྤྱི་ཚོགས་རིང་ལུགས་ལམ་ཆེན་དུ།།
དགའ་དགའ་སྤྲོ་སྤྲོས་སྐྱོད་འགོ་བརྩམས་ཤིང་ལོ་རྒྱུས་གསར་བར་དབུ་ཁྱུད་བཀོད།།
དམངས་གཙོ་བཅོས་སྒྱུར་དབུལ་ཕྱུག་དོ་སྙོམས་ཤིང་།།
རང་སྐྱོང་སྲིད་ཇུས་ལག་ཏུ་བསྟར་བགྱིས་ཏེ།།
ཐོན་སྐྱེད་ངལ་རྩོལ་ཕ་ཡུལ་གསར་སྐྲུན་གྱི།།
ཚ་ཚ་འུར་འུར་རྣམ་པས་གནམ་ས་གཡོས།།
ས་གནས་དཔོན་དང་དམག་ཤེད་ཅན་གྱི་དབང་ཆ་འཕྲོག་སྟེ་དམངས་ལ་སྤྲད།།
མི་རིགས་འདྲ་མཉམ་སྐད་ཡིག་སྤྱོད་དབང་སྲིད་ཇུས་རྩ་ཁྲིམས་ངོས་སུ་བཀོད།།
གངས་རིའི་རྩེ་དང་འབྲོག་རྒོད་ཐང་ངམ་འབྲུ་ལྔའི་ཞིང་ཁ་གྲུ་བཞི་རུ།།
སྐར་ལྔའི་དར་དམར་ལྷབ་ལྷུབ་གཡོ་བའི་དམར་སེར་མདངས་ཀྱི་མཚར་སྡུག་ངོམ།།
ཕོ་མོ་འདྲ་མཉམ་རང་དབང་གཉེན་སྒྲིག་དང་།།
ན་ཆུང་བྱིས་པ་སློབ་གྲྭར་སྐྱེལ་བ་ཡི།།
གང་སར་སྤྱི་ཚོགས་གསར་བའི་དགེ་མཚན་གྱི།།
སྔར་མེད་ཡོ་ལང་རྒྱས་ལ་ཀུན་གྱིས་བསྔགས།།
གནའ་དུས་རི་དྭགས་རྩེན་པའི་ཐང་དུ་ད་ནི་གྲོང་ཁྱེར་ཆགས་རབས་གླེང་།།
ཁོད་སྙོམས་ལྡན་པའི་གཞུང་ལམ་ཡངས་པོར་རླངས་འཁོར་སྣ་ཚོགས་གང་བཟང་འགྲན།།
སྣ་མང་ཚོང་ཟོག་ཡོ་ལང་རྫོགས་པའི་དགོས་འདོད་ཀུན་འབྱུང་ཁྲོམ་ར་ཆེར།།
རྐང་དྲུག་པད་མའི་ཚལ་ལ་འཇུག་ལྟར་མི་ཚོགས་འཚང་ཁ་ཤིག་ཤིག་བགྱིད།།
སྔོན་ཚེ་གཞན་གཡོག་རྒྱུགས་པའི་སྤྲང་བོ་དེ།།
ད་ནི་ཕྱུག་འགྱུར་མིག་དཔེའི་ཡུལ་དུ་གྱུར།།
སྔར་གྱི་ཐལ་རྡུལ་འཕྱུར་བའི་ས་ཁང་ཤུལ།།
ད་ནི་བརྗིད་ཆགས་ཐོག་བརྩེགས་ཁང་བཟང་བསྟར།།
ཚོགས་ཆེན་བཅུ་གཅིག་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གསུམ་པའི་དགེ་མཚན་ལས།།
སྒྱུར་བཅོས་སྒོ་འབྱེད་དྲི་གཞོན་མཉེན་མོས་གང་སར་དཔྱིད་ཀྱི་ཡོ་ལང་སྤྲས།།
ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ཀྱིས་ནི་དམངས་ཀྱི་བརྩོན་སེམས་རབ་བསྐུལ་ཅིང་།།
སྔར་གྱི་འཆར་གཞིའི་དཔལ་འབྱོར་དེ་ནི་ཚོང་རའི་ཕྱོགས་སུ་འཕོ་འགྱུར་བྱུང་།།
མཁས་དབང་བྱེ་བའི་བསྟི་གནས་བཀྲ་ཤིས་འཁྱིལ།།
ཅོ་ནེ་དགོན་ཆེན་ལ་སོགས་ཆོས་སྡེ་ཀུན།།
ཆོས་སྒོ་ཕྱེ་ཞིང་སླར་གསོ་ཐོབ་པ་ཡི།།
མི་རིགས་སྲིད་ཇུས་དངོས་འབེབས་བྱུང་བ་རྨད།།
རྨ་ཆུ་ཀླུ་ཆུ་བསང་ཆུ་དང་ནི་འབྲུག་དཀར་གཙང་བོའི་ཕང་བ་རུ།།
སྲ་ཞིང་བརྟན་པའི་ལྕགས་ཟམ་དང་ནི་ཨར་འདམ་ལས་གྲུབ་ཟམ་ཆེན་བསྐྲུན།།
རུ་དང་སྡེ་བ་གྲོང་དང་གྲོང་རྡལ་དེ་མིན་འབྲོག་པའི་སྦྲ་གུར་དུ།།
དཀར་གསལ་གློག་གི་འོད་སྣང་རབ་འཚེར་མཚན་མོའི་བྱེད་པོ་སྐྱེངས་པས་བྲོས།།
སློབ་གྲྭ་ཆེ་འབྲིང་ཀན་ལྷོའི་ཡུལ་དུ་བཙུགས།།
བོད་རིགས་སློབ་འབྲིང་རྫོང་ཁག་ཀུན་ལ་སྤེལ།།
བོད་ཀྱི་གསོ་རིག་ཞིབ་འཇུག་སྡེ་ཁག་དང་།།
བོད་སྨན་ཁང་གིས་གྲོང་དང་གྲོང་རྡལ་ཁྱབ།།
སྲོལ་བཟང་བོད་པའི་སྐད་དང་ཡི་གེསཀན་ལྷོའི་གསར་འགྱུརལེགས་བཏོན་ཅིང་།།
ཏང་གི་ལངས་ཕྱོགས་སྲིད་ཇུས་མ་ལུས་གངས་རིའི་ལྗོངས་སུ་དུས་ལྟར་བསྒྲགས།།
བོད་པའི་རྩོམ་རིག་མི་ཉམས་དར་སྤེལཟླ་ཟེརདུས་དེབ་འཁྲུངས་པ་ཡིས།།
མེ་ཏོག་མཉམ་བཞད་མཁས་བརྒྱ་འགྲན་གླེང་རིག་པའི་མཚོ་མོ་མཁའ་ལ་འཕྱུར།།
བོད་སྐད་རྒྱང་བསྒྲགས་བོད་སྐད་བརྙན་འཕྲིན་བོད་སྐད་གློག་བརྙན་སྒྲ་སྦྱོར་གྱིས།།
བོད་སྐད་མ་གཏོགས་སྐད་རིགས་མི་གོ་བོད་འབངས་བྱེ་བའི་མཐོང་ཐོས་བསྐྱེད།།
བོད་ཀྱི་རྣམ་ཐར་འཁྲབ་སྟོན་དང་ནི་གླུ་གར་གླིང་སོགས་བཙུགས་པ་ཡིས།།
བོད་ཀྱི་རིག་གནས་ཉམས་པ་སླར་གསོ་མི་ཉམས་དར་སྤེལ་སྐལ་བཟང་བྱུང་།།
མྱུར་མྱུར་གཞུང་ལམ་དྲ་བས་གང་སར་ཁྱབ།།
མགྱོགས་མགྱོགས་མེ་འཁོར་ལྕགས་ལམ་ཡུལ་འདིར་ཐོན།།
མཚར་མཚར་གནམ་གྲུ་ཐང་གི་བཀོད་པ་ཡིས།།
ལེགས་ལེགས་ཀན་ལྷོའི་འགྲིམ་འགྲུལ་གོང་འཕེལ་མཚོན།།
ཚོགས་ཆེན་ཉི་ཤུའི་དགོངས་དོན་ཟབ་མོའི་གཡུ་འབྲུག་མཁའ་ལས་ལྡིར་བ་ན།།
ཡངས་པའི་ས་ཆེན་དཔྱིད་དཔལ་རབ་བཞད་རྫོགས་ལྡན་གསར་བའི་དཔལ་ལ་བཀོད།།
དཔལ་འབྱོར་ཆབ་སྲིད་སྤྱི་ཚོགས་རིག་གནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལེགས།།
དབུལ་ཐར་མཁྲེགས་གཏོར་ཞིང་སྡེ་དར་རྒྱས་འཐབ་ཇུས་ལ་ནི་རྒྱལ་ཁ་ཐོབ།།
འཕེལ་རྒྱས་བྱུང་བའི་གྲོང་དང་ས་ཁུལ་གྱི།།
རོགས་སྐྱོར་རྣམ་གྲངས་གང་མང་བརྩོན་ལེན་བགྱིས།།
ཚོང་འགུགས་དངུལ་འདྲེན་ཡུལ་སྐོར་སྤྲོ་གསེང་སོགས།།
དཔལ་འབྱོར་གོང་འཕེལ་ཐབས་ཇུས་ལག་ཏུ་བསྟར།།
སྐབས་ཤིག་འབྲུག་དཀར་གཙང་པོ་ཁྲོས་པའི་ས་ཆུའི་འཇིག་པ་བྱུང་བའི་ཉིན།།
སྐྱིད་སྡུག་མཉམ་མྱོང་དཔུང་སྟོབས་ཆེན་པོས་སླར་ཡང་བདེ་སྐྱིད་ཁྱིམ་གཞིས་བསྐྲུན།།
ཏོག་གསར་ཞེས་གྲགས་རིམས་ནད་དྲག་པོས་འགྲོ་བའི་ཚེ་སྲོག་འཕྲོག་པའི་དུས།།
བཀོད་འདོམས་ལ་ཉན་འཐབ་འཛིང་དང་བཅས་ནད་ཀྱི་འཇིག་པ་རིང་དུ་བསྐྲད།།
ཆབ་སྲིད་དཔལ་འབྱོར་དབྱར་མཚོ་བཞིན་དུ་འཕྱུར།།
ཤེས་ལྡན་མི་སྣ་ལས་རིགས་ཀུན་ལ་ཁྱབ།།
ལོ་ངོ་བདུན་ཅུའི་རླབས་ཆེན་འཕོ་འགྱུར་ཀུན།།
མཁས་པ་སྟོང་གིས་བརྗོད་ཀྱང་ངལ་བའི་རྒྱུ།།
གངས་ལྗོངས་ཤེས་རིག་མཛོད་དུ་གྱུར་པ་བླ་བྲང་དགོན་པའི་དཔལ་ཡོན་བཅུད།།
བྲག་སྒམ་ནང་གི་རང་བྱུང་བཀོད་པ་དག་ཡིག་ཁོག་གི་མཛེས་སྡུག་དཔལ།།
དབལ་བན་ཚང་གི་གནམ་ས་གཅིག་འདྲེས་མཛོད་དགེ་སྤང་ཐང་ཆེན་མོ་ཡིས།།
ཕྱོགས་བཞིའི་མགྲོན་པོ་ཀུན་དགའི་ཚལ་ལ་རྐང་དྲུག་འདུ་བའི་དཔལ་ལ་འགྲན།།
གནོད་མེད་ལྔ་དང་འཛོམས་པ་བཅུ་ཡི་ནི།།
གོང་འཕེལ་འཐབ་ཇུས་ལག་ལེན་བསྟར་བ་ཡིས།།
སྐྱེ་ཁམས་སླར་གསོས་འཚོ་གནས་མཛེས་སྡུག་ཅིང་།།
འབྱོར་བས་རབ་ཕྱུག་སྤྱི་ཚོགས་དཔལ་ཡོན་དར།།
ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རླབས་ཆེན་ལས་དོན་མངོན་འགྱུར་ཐད།།
མི་རིགས་མཐུན་སྒྲིལ་དཀའ་སྤྱད་འབད་བརྩོན་ཀན་ལྷོ་བ་ཡི་སྙིང་སྟོབས་བརྟན།།
མ་འོངས་པ་ན་མཐོ་སྒང་འདི་རུ་དཔལ་དང་འབྱོར་བ་རབ་རྒྱས་པའི།།
འཛམ་གླིང་ཡིད་འཕྲོག་ཀྲུང་གོའི་ངོ་མཚར་བོད་པའི་རྒྱན་གྱུར་ཀན་ལྷོ་འཛུགས།།
མིག་སྔའི་ཀན་ལྷོའི་ཆབ་སྲིད་དཔལ་འབྱོར་དང་།།
སྤྱི་ཚོགས་རིག་གནས་གོང་འཕེལ་མཐོང་བའི་ཚེ།།
མཁས་མཛངས་ཏང་གི་བླ་མེད་དབུ་ཁྲིད་དང་།།
བྱེད་ཕྱོགས་སྲིད་ཇུས་བཟང་བོར་ཀུན་གྱིས་བསྟོད།།
གཡང་ལྡན་ཕྱུག་མོའི་སྔོ་བསངས་མཁའ་རུ་ཉིན་བྱེད་གཞོན་ནུའི་འོད་སྣང་དྲོད།།
བར་སྣང་དབྱངས་སུ་རྣམ་པར་རྒྱལ་བའི་སྐར་ལྔའི་དར་དམར་བཀྲག་མདངས་ངོམ།།
ཁུལ་འདི་དབུ་བརྙེས་ལོ་ངོ་བདུན་ཅུའི་གཏམ་བཟང་ཕྱོགས་སུ་ཁྱབ་བགྱིས་ཤིང་།།
དུས་རབས་གསར་བའི་རྒྱང་སྐྱོད་ལམ་དུ་འགྲན་རྩོད་ལས་རྒྱལ་ཡིད་ཆེས་བརྟན།།