ཝང་ཧུའུ་ཉིང་གིས་བོད་ལྗོངས་སུ་རྟོག་ཞིབ་མཛད་པ།
藏文报
作者:
新闻 时间:2023年08月02日 来源:藏文报
ཚེས 25ཉིན་ནས་ཚེས 27ཉིན་གྱི་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་བོད་ལྗོངས་སུ་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། བོད་ལྗོངས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་ན་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་བྱ་དགོས་ཤིང་། གཏན་འབེབས་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་འདུ་ཤེས་སྲ་བརྟན་དུ་འཛུགས་པའི་སྙིང་ཐིག་དེར་དམ་པོར་དམིགས་ནས། གཏན་འཇགས་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་དར་རྒྱས་བཅས་དོན་ཆེན་བཞི་དམ་འཛིན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
ཉིང་ཁྲི་ནས་ཝང་ཧུའུ་ཉིང་སྨིན་གླིང་གྲོང་ཁྱེར་ཤིས་དགའ་འབུམ་པ་སྡེ་བ་དང་ཡ་སྣེ་རྒྱལ་ཁབ་བརླན་སའི་སྤྱི་གླིང་། འབའ་ཡུལ་ས་ཁུལ་ཀ་ལ་སྡེ་བ་སོགས་སུ་ཕེབས་ཏེ་རྟོག་ཞིབ་མཛད་པ་མ་ཟད། སི་ཁྲོན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་སོགས་ལས་གཞི་ཆེན་མོའི་འཆར་འགོད་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། བོད་ལྗོངས་ཀྱི་འཕེལ་རྒྱས་གོང་འཕེལ་དེ་ལོ་རྒྱུས་ཀྱི་གོ་སྐབས་བཟང་བོར་གནས་ཡོད་ཅིང་། སྲིད་ཇུས་གལ་ཆེན་དང་ལས་གཞི་ཆེན་མོ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྱད་ལྡན་ཁྱད་སྟོབས་ཐོན་ལས་གསོ་སྤེལ་བྱས་ནས་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ལྷ་ས་ནས་ཝང་ཧུའུ་ཉིང་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་། བར་སྐོར། ཀླུ་སྒོ་སྡེ་ཁུལ་སོགས་སུ་ཕེབས་ནས་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། མཚོ་བོད་མཐོ་སྒང་གི་ཡུན་རིང་བའི་ལོ་རྒྱུས་ནི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་འབྲི་བཞེངས་བྱས་པ་དང་། འོད་སྟོང་འབར་བའི་རིག་གནས་ནི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་བསྐྲུན་པ་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེ་བའི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ངོས་ཟིན་ཇེ་དྲག་ཏུ་གཏོང་དགོས།
རྟོག་ཞིབ་མཛད་སྐབས་ཝང་ཧུའུ་ཉིང་གིས་བསྟན་དོན། བོད་རང་སྐྱོང་ལྗོངས་ཏང་ཨུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱས་ཤིང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་སྣེ་ཁྲིད་དེ་དཀའ་སྤྱད་འབད་འཐབ་དང་ཞུམ་མེད་ངར་བསྐྱེད་ཀྱིས་ཕྱོགས་སོ་སོའི་བྱ་བར་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བཏང་ཡོད། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པ་དེ་བོད་ལྗོངས་བྱ་བའི་ཤུགས་འདོན་སར་བྱེད་པ་དང་། ཏན་ཏིག་གིས་མི་རིགས་ཆོས་ལུགས་བྱ་བ་བཟང་བོར་བསྒྲུབས་ནས་མི་རིགས་ཀྱི་བརྗེ་རེས་དང་མཉམ་འདྲེས་ལ་ཤུགས་སྣོན་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དེ་ཕྱོགས་ཡོངས་ནས་ཞིང་སྡེའི་དར་སྤེལ་ལ་སྐུལ་འདེད་བཏང་སྟེ། བོད་ལྗོངས་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྙེག་དགོས། རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཆགས་པར་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱ་དགོས།
ཝང་ཧུའུ་ཉིང་གིས་ད་རུང་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་ལྷ་སར་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་བྱེད་པར་འཚམས་འདྲི་བྱས།།
(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འཕྲིན་ལྟར།)