རྨ་ཆུ་རྫོང་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི“བྱམས་བརྩེའི་དོ་ར”ཞིག་
འཛུགས་སྐྲུན་སྲ་བརྟན་དུ་བཏང་བ།
藏文报
作者:
新闻 时间:2023年10月28日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) “འཛིན་གསུམ་སྐུལ་གསུམ”གྱི་བྱེད་སྒོ་སྤེལ་ཚུན་དུ། རྨ་ཆུ་རྫོང་གིས་སྡེ་བ་རིམ་པའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་ཀྱི་སྒྱུར་བཀོད་འཆར་གཞི་ཇེ་ལེགས་སུ་གཏོང་བ་དང་། ཞབས་ཞུའི་ནང་དོན་རྒྱ་ཆེར་གཏོང་བ། དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། རྫོང་ཡོངས་ཀྱི་སྡེ་བ་རིམ་པའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་ཚང་མའི་ཚད་གཞི་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། འཐབ་ར་དང་ཞབས་ཞུ། ཏང་དང་མང་ཚོགས་གཅིག་ཏུ་འདུས་པའི་བྱ་བའི་རྣམ་པ་ཞིག་རིམ་བཞིན་ཆགས་སུ་བཅུག་ཡོད།
“འཛུགས་སྐྲུན་ལེགས་པོའི”རྨང་གཞི་དམ་འཛིན་བྱས་ཏེ་སྒྱུར་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་བ། ཉེ་བའི་ལོ་གསུམ་གྱི་རིང་། རྨ་ཆུ་རྫོང་གིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི 700ལྷག་བཏང་ནས་སྡེ་བ་རིམ་པའི་བྱེད་སྒོ་སྤེལ་ཡུལ 11གསར་སྐྲུན་དང་རྒྱས་སྐྲུན། སྒྱུར་བཀོད་བཅས་བྱས་ཤིང་། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་དང་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་སའི་རྒྱ་ཁྱོན་ཁག་སོ་སོར 120㎡དང 200㎡ཡན་ཟིན་ནས་སྡེ་བ་རིམ་པའི་གཞི་རིམ་ཏང་རྩ་འཛུགས་ཀྱི་གཞུང་དོན་སྒྲུབ་པ་དང་བྱེད་སྒོ། འཚོ་བའི་ཐད་སྤྱོད་པའི་ཁང་བ་བཅས་འགན་ལེན་གང་ལེགས་བྱས་ཏེ་སྡེ་བ་རིམ་པའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཀྱི“རྣམ་པ་གསར་རྐྱང་དུ་བསྒྱུར་བར”སྐུལ་འདེད་བཏང་ཡོད། དུས་མཚུངས་སུ་རྨ་ཆུ་རྫོང་རང་བྱུང་ཐོན་ཁུངས་ཅུས་དང་། སྡོད་ཁང་དང་གྲོང་ཁྱེར་ཞིང་སྡེ་འཛུགས་སྐྲུན་ཅུས། ཆུ་དོན་ཅུས་བཅས་ཀྱིས་མཉམ་འབྲེལ་སྒོས་རྫོང་ཡོངས་ཀྱི་སྡེ་བའི (སྡེ་ཁུལ) ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་ཀྱི་གཞུང་ལས་ཁང་ལ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་དང་། གྲལ་བཤེར་བྱས་པ་བརྒྱུད་སྡེ་བ་རིམ་པའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཀྱི་ས་གནས་འདེམས་པ་དང་། བྱེད་ནུས་དང་མཚོན་རྟགས། ཞབས་ཞུ། དོ་དམ། འགན་ལེན་བཅས་ཚད་ལྡན་ཅན་དུ་འགྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ“ཚང་མ་ཡོད་པ”ནས“ཚང་མ་ལེགས་པའི”དམིགས་འབེན་མངོན་འགྱུར་བྱུང་ཡོད།
“བེད་སྤྱོད་ལེགས་པོ་བྱེད་པའི”དམིགས་ཡུལ་དམ་པོར་བཟུང་ནས་ཞབས་ཞུའི་ནང་དོན་རྒྱ་ཆེར་འགྲོ་རྒྱུར་ཤུགས་བསྣན་ཞིང་། “དམངས་དོན་སྡེ་བ་ནས་གཉེར་བའི”བྱ་བའི་བླང་བྱར་དམིགས་ཏེ་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་སྡེ་ཁག་སོ་སོའི་འགན་འཁྲི་གསལ་བོ་བཟོས་པ་དང་། སྡེ་ཁག་བར་གྱི་ཕན་ཚུན་རོགས་འདེགས་ལ་ཤུགས་བསྣན་ཏེ་རྫོང་དང་ཤང་། སྡེ་བ་བཅས་ཀྱི་རིམ་གསུམ་མཉམ་འགུལ་ལམ་སྲོལ་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་ཞིང་། “སྒེའུ་ཁུང་གཅིག”གིས་བདག་སྤྲོད་དང“ས་ཚིགས་གཅིག”གིས་ཞབས་ཞུ་བྱས་ཏེ། ཞབས་ཞུའི་རྣམ་གྲངས་སོ་སོ“གཞི་གཅིག་ཏུ”སྒྲུབ་ཐུབ་པ་དང“མཉམ་གཅིག་ཏུ”སྒྲུབ་ཐུབ་པའི་འགན་ལེན་བྱས་ཡོད་རྐྱེན། སྡེ་བ་རིམ་པའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཀྱི་ཞབས་ཞུའི་ནུས་པ་སྔར་ལས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། རྨ་ཆུ་རྫོང་གིས་ཤང་དང་གྲོང་རྡལ་ཁག་ཏུ་དང་བླངས་ཞབས་ཞུ་དང་བུད་མེད་ཀྱིས་བྱས་རྗེས་འཇོག་པ། རྟ་ཐོག་གི་སྒྲོག་འགྲེལ་སོགས་ཀྱི་ཞབས་ཞུ་རུ་ཁག་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཞིང་སྡེའི་ཐང་ཆེན་ཞབས་བྲོ་སོགས་ཡོངས་ཕན་རང་བཞིན་དང་ཕུགས་ཕན་རང་བཞིན་གྱི་ཏང་དང་མང་ཚོགས་ཀྱི་བྱེད་སྒོ་སྤེལ་བ་དང་། བྱེད་སྒོ་སྤེལ་ཡུལ་གྱི་བེད་སྤྱོད་བྱེད་ཤུགས་དང་ཡིད་འགུག་གི་ཚད་ཆེ་རུ་གཏོང་གིན་ཡོད་ལ། སྡེ་བ་རིམ་པའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་དེར་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱང་ཁྲིད་སློབ་གསོར་ལྟ་བ་དང་ཚན་རྩལ་རིག་གནས་གསོ་སྦྱོང་བྱེད་པ། རིག་གནས་རོལ་རྩེད་བྱེད་སྒོར་ཞུགས་པ་བཅས་ཀྱི་ས་གནས་གཙོ་བོར་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།
“དོ་དམ་ལེགས་པོ”བྱེད་པའི་གནད་འགག་དམ་འཛིན་བྱས་ནས་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བར་ཤུགས་བསྣན་ཏེ། རྨ་ཆུ་རྫོང་གིས་དོ་དམ་ལམ་ལུགས་ཁག་ཧུར་ཐག་གིས་འཐུས་ཚང་དུ་བཏང་ནས་ལྟ་སྐུལ་ཞིབ་བཤེར་དང་འཐེན་བཤེར་བྱེད་ཤུགས་ཆེ་རུ་བཏང་ཡོད་ལ། རྨ་ཆུ་རྫོང་གི་སྡེ་བའི་ལས་བྱེད་པའི་ལས་ཚོགས་དང་ལས་རེས་ཀྱི་ལམ་ལུགསལག་བསྟར་ནན་པོ་བྱས་ཤིང་། སྡེ་བའི་ལས་བྱེད་པའི་ལས་རེས་གནས་ཚུལ་དང་ཞབས་ཞུའི་རྣམ་གྲངས་སྒྲུབ་གཉེར་གནས་ཚུལ་སྤྱི་བསྒྲགས་དོ་ར། ཉིན་རེའི་འགྲོ་འདུག འབྲེལ་གཏུག་ཁ་པར། ལས་རེས་བཀོད་སྒྲིག ཕན་འབྲས་ལ་སྐུལ་འདེད་ཀྱི“ཡོངས་བསྒྲགས་བཞི”བཅས་བཙུགས་ཏེ། མང་ཚོགས་ཀྱིས་དངོས་གནས་ཞབས་ཞུའི་ལྟེ་གནས་སུ་བྱ་བ་སྒྲུབ་ཐུབ་པ་དང་བྱ་བ་སྒྲུབ་མི་ཡོད་པ། བྱ་བ་ལེགས་སྒྲུབ་ཐུབ་པ་བཅས་བྱས་ཡོད། སྡེ་བ་རིམ་པའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་ཀྱི་སྒོ་བྱང་བཀལ་ནས་ནུས་པ་བཀོད་སྒྲིག་བྱེད་སྟངས་རིམ་བཞིན་ཇེ་ལེགས་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་གཙང་སྦྲའི་བྱེད་སྒོ་སྤེལ་ཏེ་སྡེ་བ་རིམ་པའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་དེ“སྤྱོད་གོ་ཆོད་པ”ནས“སྤྱོད་གོ་ལེགས་པར”འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།།