本版导航 各版导航 视觉导航 标题导航 以往报纸

ཞོགས་ ཀའི་ མེ་ ཏོག

藏文报 新闻    时间:2023年10月28日    来源:藏文报

    ན་ཆུང་མིག་རས་ཟུམ་པའི་འདབ།།
དལ་བུར་གྲོལ་ལྟའི་སྐྱ་རེངས་མཛེས།།
གཡོ་མེད་མིག་ཟུང་རི་མོའི་གཟུགས།།
བྱེད་པོའི་བྱིན་རླབས་ཕོག་པ་སད།།
 
བརྩེ་མའི་ངག་བཀའ་བསེར་བུའི་མཐུས།།
ཐོས་འཛིན་ཀུ་ཤའི་རྩེ་མོ་གཡོས།།
ཉི་ཟེར་ཞགས་པས་མ་བཅིངས་པའི།།
ནོར་འཛིན་སྙིང་དབུས་རྐང་ལག་འཇབ།།
 
འདོད་ལྡན་ཟླ་བོས་དགའ་མའི་ལུས།།
གདུགས་ཀྱིས་སྲུང་བཞིན་ལྗོན་པ་ནི།།
འདབ་ལོ་གསར་བའི་གཟི་བྱིན་བཅས།།
བགྲོད་བྱ་འདི་ལ་སྙིང་རེ་ཕངས།།
ལམ་ན་ཁྱིམ་འཛིན་དར་བབ་མས།།
སྒྲོས་པད་ཁུད་ཀྱི་མུ་ཏིག་ཕྲེང་།།
འབྱིད་པར་རྩོམ་ཡང་རི་མོའི་མིག།
ཟླ་ཟུང་ཚེས་པས་འདབ་མ་ཟུམ།།

དེ་ཚུལ་ལམ་པའི་འདྲེན་བྱེད་ཀྱི།།
ཞགས་རྒྱར་ཚུད་ལ་ཞེ་འཚེར་བས།།
ལ་འུར་ཞལ་རས་ཀུ་མུད་འདབ།།
སྒྱུ་མའི་ཟློས་གར་བཞད་གད་གནས།།

རྗེ་བཙུན་མ་མའི་ཐུགས་རྗེའི་བྱིན།།
ས་ལ་འཕོས་པ་གཡུ་ལོའི་ཞིང་།།
སྙེ་མའི་རླབས་ཕྲེང་རྒྱས་པའི་མཚོ།།
དཔལ་གོས་བྲལ་ཡང་ཡིད་འོང་ཉིད།།
 
གཡོར་མོའི་འཕྲུལ་འདེགས་མ་བརྟེན་ཡང་།།
ཆུ་ཝུར་འཐོར་བའི་དབུས་ན་རྩེན།།
ཀྱེ་མ་ལུས་ཀྱི་དེད་དཔོན་འདིའི།།
སྙིང་ལ་བརྣགས་པའི་ནོར་བུ་ཅི།།

ཆུ་གཏེར་དབུས་ན་གྲོང་ཁྱེར་བཞིན།།
གྲོང་ཁྱེར་ཁང་བུ་བཀྲམས་པ་བཞིན།།
འདོད་རྒུ་འབྱོར་རྒྱས་ཀླུ་དབང་གི།།
ཕོ་བྲང་དཔལ་ལ་ཁྱིམ་བདག་འགྲན།།
རྨ་འབྲིའི་ཆབ་རྒྱུན་རྒྱ་མཚོའི་ལྟོར།།
འབབ་པའི་ཟློས་གར་འདི་ན་སྟེ།།
དུ་མའི་ཕྱོགས་ན་ཆུ་ཕྲན་ཚོགས།།
རྣང་མའི་ཆུ་གཏེར་ཆེན་པོར་འཐིམས།།

དྲི་ལྡན་རིན་ཆེན་མེ་ཏོག་མངས།།
ཚོམ་བུར་སྤུངས་པའི་འཇུག་ངོགས་མཛེས།།
དེད་དཔོན་སྙིང་ལ་དགའ་བདེ་ཟུང་།།
ཉི་ཟླའི་སྣང་བ་ཕོག་པ་གསལ།།

བསུང་ཞིམ་སྤོས་ཆུའི་ལུས་ཅན་མར།།
དྲི་འཛིན་དབང་པོའི་བཀའ་བསྒོས་ལྟར།།
ལུས་ཅན་ཁོལ་བོས་བཟློག་མིན་དུ།།
ལག་སོར་བརྩེ་དགའི་ཞགས་པས་བཅིངས།།
 
དེའི་ཚེ་རྟ་བདུན་གཞོན་ནུའི་སྙིང་།།
དགའ་མ་སྟོར་བའི་ཟླ་བོ་བཞིན།།
འདར་བའི་འོད་ཟེར་ཟེགས་མ་ཡི།།
ལག་ཟུང་བརྐྱངས་པ་འདབ་མར་འཁྱུད།།

དེ་ལྟ་མོད་ཀྱང་ཡུ་བ་དག།
སེན་རྗེས་གསར་བས་བཏབ་པའི་མཐུས།།
རང་ལུས་སྐྱེ་བོའི་ལག་པ་ལ།།
འབྲལ་མིན་སྙིང་གི་མནའ་ཚིག་སྲུངས།།

མ་ལྷོད་ལག་ཟུང་བུམ་པའི་མཆུར།།
ལྡེམ་ལྡེམ་མེ་ཏོག་མགོ་ལྕོག་གཡོ།།
ཉི་ཟེར་སྒྱུ་འཕྲུལ་ཞགས་པའི་རྒྱུན།།
གྲིབ་རིམ་སྟུག་པོའི་མཐའ་ན་འཁུམས།།

ཉག་གའི་ཚུར་ནས་བསུ་བའི་མི།།
མེ་ཏོག་མཁན་ཏེ་བརྩེ་བའི་མས།།
ཁྱིམ་དུ་སྤེལ་ལེགས་མེ་ཏོག་ཕྲེང་།།
སྒོ་རྒྱན་བཀྲ་ཤིས་རི་མོར་བཀོད།། 

ཕྱེད་གཉིས་བགོས་པའི་མེ་ཏོག་གཞན།།
གཅེན་མོ་མགུ་བའི་སྐྱེས་མཆོག་ཏུ།།
བསྟབ་ཕྱིར་དགོས་དོན་སྒྲུབ་པའི་བུ།།
ལན་གཅིག་ཕོ་ཉ་ཏེ་བོར་བགྱིས།།

སྤྲོ་བའི་མིག་རས་གཡོ་བ་བཅས།།
བཞིན་རས་བསྡུས་པའི་འདབ་ཡངས་གྲོལ།།
གཞན་ལ་མེ་ཏོག་གཏད་པའི་མཐུས།།
བསུང་ཞིམ་རང་གི་ལག་པར་ལྷགས།།

དགོས་དོན་གྲུབ་སྟེ་ལྷ་གཅིག་སྐུར།།
འདུད་ཕྱག་དཔལ་གོས་མཆོད་པ་བཅས།།
ཕྱག་པད་ཆུ་སྐྱེས་མཚན་པའི་ཞབས།།
འཕྲོད་བཞེས་དགེ་བའི་སྨོན་ཚིག་བརྡར།།
 
འཚོ་བྱེད་དབང་པོ་བཻཌཱུརྱ།།
སྒྲུབ་ལ་དད་དམ་གཙང་མའི་ཡིད།།
མེ་ལོང་ཕྱིས་པ་རབ་རིབ་བྲལ།།
རིགས་དྲུག་སྒྱུ་མའི་ཟློས་གར་གསལ།།
 
བདེ་བ་དོན་གཉེར་རེ་བའི་སྣོད།།
འགེང་བྱེད་དགེ་ལེགས་བདུད་རྩིའི་རྒྱུན།།
ཆར་འབེབས་ཆུ་སྐྱེས་ཟེའུ་འབྲུ་ལ།།
དད་པའི་རྐང་དྲུག་རྟག་ཏུ་རོལ།།
  (མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཚེ་འབྲུག་རྡོ་རྗེ།)