ཕ་ཡུལ་ལ་བསྟོད་པ་ཚིག་ཕྲེང་ངག་གི་རོལ་དབྱངས་
藏文报
作者:
新闻 时间:2023年10月28日 来源:藏文报
འཛམ་གླིང་ས་ཆེན་གོ་ལའི་ཡང་རྩེ་རུ་འཕགས་ཤིང་།།
གོས་དཀར་ན་བཟའ་བཀླུབས་པའི་བརྗིད་ལྡན་གྱི་ལྷུན་པོ།།
སྤང་ལྗོངས་ནེའུ་གསིང་གཡུ་ཡི་མཎྜལ་ལྟར་སྔོ་བ།།
མཛེས་པའི་དཔལ་གྱིས་བརྒྱན་པའི་གངས་ཅན་གྱི་ཡུལ་ལྗོངས།།
ཁུ་བྱུག་སྔོན་མོས་གསུང་དབྱངས་ལྷང་ལྷང་དུ་སྒྲོག་དུས།།
དཔྱིད་ཀྱི་དཔལ་མོ་བསུ་བའི་རྩི་ཤིང་གི་ཚོགས་རྣམས།།
བསིལ་རླུང་འགྲོས་དང་བསྟུན་ནས་ལྡེམ་ལྡེམ་དུ་གཡོ་བའི།།
ལིང་ལིང་གར་གྱི་སྟངས་སྟབས་རྩྭ་ཐང་ལ་འཁྲབ་འགྲོ།།
ཨ་སྔོན་དབྱིངས་ནས་འབྲུག་སྒྲ་སིང་སིང་དུ་སྒྲོག་དུས།།
དོག་མོ་ས་ནས་རྐང་འཐུང་མེ་ཏོག་གི་ཚོགས་ཀྱིས།།
རྣ་བ་ཀྲོང་ཀྲོང་བྱེད་བཞིན་དགའ་བ་ཡི་སེམས་ཀྱིས།།
སྦྲང་ཆར་ཟིལ་མ་བསུ་བའི་གར་སྟབས་ལ་བྲེལ་འགྲོ།།
རྒྱབ་རི་རྡོ་ཏི་གངས་དཀར་གཟི་དཔལ་གྱིས་འགྱིངས་ཤིང་།།
ཡུལ་མི་འབྲོག་པ་མར་ཤོག་མཛའ་མཐུན་ངང་གནས་ཡོད།།
སྒོ་ཕྱུགས་གཡང་ནོར་རིགས་ཀྱི་འཕེལ་ཁ་དེ་རྒྱས་པའི།།
ཕ་ཡུལ་མཐོང་བ་ཀུན་སྨོན་དཔལ་ཡོན་གྱིས་འཚོས་ཡོད།།
ཆུ་ཕྲན་ལྷུང་ལྷུང་འབབ་པའི་ནེའུ་གསིང་གི་ངོགས་ན།།
སྒོ་ཕྱུགས་རྟ་ནོར་ལུག་གསུམ་སྐར་ཚོགས་བཞིན་བཀྲམ་འདུག།
ནོར་རྫི་བུ་མོའི་གཞས་དབྱངས་ངག་རྟ་ལ་བཀུག་པས།།
ཕྱག་ན་པདྨོའི་དག་ཞིང་མི་ཡུལ་དུ་འཕོས་འདྲ།།
རང་དབང་གར་ལ་རྩེན་པའི་བྱ་བྱིའུ་ཡི་འཕུར་འགྲོས།།
བུང་བས་དིར་དིར་སྒྲོག་པའི་གླུ་དབྱངས་ཀྱི་འགྱུར་ཁུགས།།
མ་ལོས་འོ་མ་གཡུག་པའི་སེང་སེང་གི་སྒྲ་ཡིས།།
ལྷིང་འཇཊ་འབྲོག་ཁྱིམ་ཡངས་མོ་གཏི་མུག་ལས་གྲོལ་སོང་།།
གྲང་རླུང་ཡང་མོས་སྦྲ་མཐའ་ཡོམ་ཡོམ་དུ་སྒུལ་དུས།།
རྒྱུ་སྐར་ཚོགས་ཀྱིས་ཁོག་འདར་ཤིག་ཤིག་ཏུ་རྒྱག་འགྲོ།།
སྒོ་ཁྱི་རྒྱ་བོའི་ཟུག་སྐད་གནམ་འཕང་ལ་ཟུག་དུས།།
མ་ལོའི་རུམ་ཁུག་ནམ་ཡང་གྲང་བ་རང་མི་འདུག།
བཅུ་དྲུག་ལང་ཚོ་རྫོགས་པའི་གསེར་ལྡན་གྱི་འཛིན་མར།།
མགོ་ལྕོག་ལྡེམ་ལྡེམ་གཡོ་བའི་ཁུར་ལྡན་གྱི་སྙེ་མ།།
དཀར་དམར་མདངས་ཀྱིས་ཕྱུག་པའི་ན་ཆུང་གི་བཞིན་རས།།
ཀེམ་ཀེམ་ཟུར་མིག་གཡོ་འདིས་དགོས་འདོད་ཀྱི་དཔལ་སྟེར།།
དྭངས་གསལ་དྲི་མ་མེད་པའི་མཁའ་དབྱིངས་ཀྱི་དབུས་ནས།།
ཨོ་རྒྱན་ཉིན་བྱེད་བཞིན་མདངས་ས་གཞི་ལ་འཕྲོས་པས།།
སྨིག་སྒྱུ་ལྷེམ་ལྷེམ་འཁྲིགས་པའི་དོག་མོ་ཡི་ས་ནས།།
སྡོང་བོའི་ལོ་མ་སེར་པོས་དད་ཕྲེང་གི་ཆུ་གཏོར།།
གྲང་རླུང་ཤུར་ཤུར་ལྡང་བའི་བར་སྣང་གི་དབྱིངས་ནས།།
སྤྲིན་པས་ཁོག་འདར་རྒྱག་བཞིན་ཁ་བ་ཡི་མེ་ཏོག།
ལྷབ་ལྷུབ་ས་ལ་འཕོས་པས་འཛིན་མ་ཡི་ཁྱོན་ཀུན།།
དཀར་གཙང་དྲི་མ་མེད་པའི་ན་བཟའ་ཡིས་གཡོགས་སོང་།།
དཔྱིད་གསུམ་བྱ་དང་ཁུ་བྱུག་གསུང་དབྱངས་དེ་སྙན་ཞིང་།།
དབྱར་གསུམ་ཞོ་དང་འོ་མའི་མཆོད་ཁ་རང་འགྲིག་པའི།།
སྟོན་གསུམ་འབྲུ་རིགས་སྣ་ལྔའི་འཕེལ་ཁ་དེ་ཕྱུག་ཅིང་།།
དགུན་གསུམ་ཤ་དང་གྲོ་མའི་སྡེར་ཁ་དེ་འགྲིག་འགྲོ།།
གླིང་ཆེན་ཨེ་ཤ་ཡ་ཡི་ཡང་རྩེ་རུ་འགྲེང་ཞིང་།།
རི་བོ་ཧི་མ་ལ་ཡའི་ཁྲག་རྒྱུན་དང་འབྲེལ་བའི།།
སུམ་རྩེན་དཔལ་དང་མཉམ་པའི་བདེ་སྐྱིད་ཀྱི་དག་ཞིང་།།
ཨེ་མ་ཕ་ཡུལ་རྡོ་ལུང་གཡང་ལྡན་གྱི་ཕྱུག་མོ།།
(མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་བདེ་ཆེན་ཆོས་མཚོ།)