本版导航 各版导航 视觉导航 标题导航 以往报纸

ལྕི་བ།

藏文报 新闻    时间:2023年10月28日    来源:藏文报

བ།
    ཁྱོད་ནི་ལྕི་བ་ཞིག་ཡིན། སྐྱེ་འབྲས་ཞན། ཁ་དོག་བཙོག ཁྱོད་དང་འཕྲད་ན་ཀུན་གྱི་སྣ་ནི་གཉེར་ཞིང་། མིག་ནི་གཡོལ་ཏེ་འགྲོ། སྤྱོད་ཤེས་ན་ཁྱོད་ནི་མིག་གི་འོད་དང་སེམས་ཀྱི་དྲོད་དེ་ཡིན། ཞིབ་ཏུ་བསམ་ན་ཁྱོད་ལ་རིན་ཐང་ཡོད། ག་ལེར་སྒོམ་ན་ཁྱོད་ལ་མཛད་པ་ཡོད། ཡིན་ནའང་། ཤེས་རབ་དམན་པའི་སྣང་ངོར། ཁྱོད་ནི་སྐྱེ་དམན་དུད་འགྲོའི་ལྕི་བ་ཙམ་ཡིན།
    དྭངས་གཙང་གི་བརྒྱད་ལྡན་ཆུ་བོ་སྨན་དུ་བཟོ་མཁན་ཁྱོད་ཉིད་ཡིན། སྨན་གྱི་ཐོག་མ་ཆུ་ཁོལ་ཡིན་པས་ཡིན། མཆོད་པའི་མེ་ཏོག་བཀྲག་མདངས་རྒྱས་པ་ཁྱོད་ཀྱི་དྲིན། དཔྱིད་སོས་ཀའི་དུས་ལ་ལུད་ཀྱི་ལྷན་ཅིག་བྱེད་རྐྱེན་དགོས་པས་ཡིན། ཁྱོད་ནི་འབྱུང་བ་སྣ་ལྔ་དང་དམ་དུ་འབྲེལ་བ་ཞིག གང་ཞིག་འདུས་བྱས་ཡིན་པས་ཡིན། ལྷ་ཀླུ་གཉན་གསུམ་དགྱེས་པ་ལ། ཁྱོད་མེད་པ་འདྲ་ཡང་ཡོད་པར་སྣང་། བསང་དང་ཚ་གསུར་མནོལ་བསང་ལ། ཁྱོད་ཀྱི་རིན་ཐང་ཀུན་ལས་མཆོག  ད་དུང་། གོང་བླ་མའི་ཁྲི་བསྟོད་དང་བར་དཔོན་པོའི་གསོལ་སྟོན། དམའ་དབུལ་བོའི་སྐྱོ་མ་སོགས་ལ། ཁྱོད་ཡན་གྱི་རིན་ཐང་ཅན་ཞིག་གང་ན་ཡོད། ཡིན་ནའང་། རིན་ཆེན་སྣ་བདུན་གྲལ་ལ་མི་ཐེ་ཞིང་སྤོས་དང་བྱུ་རུའི་ཚོགས་ན་མེད། བཀྲ་ཤིས་རྟགས་བརྒྱད་ཀྱི་ནང་དུ་དེ་བས་ཀྱང་མི་བགྲང་། 
    ཁྱོད་ནི་དགུན་གྲང་ལྷགས་རྒོལ་བའི་དཔུང་རོགས་ཡིན། དབྱར་ཆར་ཆུར་འགྲན་པའི་རྒྱབ་རྟེན་ཡིན། ཟས་ཀྱི་སྦྱོར་རྐྱེན་ཡིན། ཁྱིམ་གྱི་དྲོད་སྐྱིད་ཡིན། གངས་རི་དང་རྫ་རི། སྤང་རི། སྒོའི་ལྷས་ངོགས། མིག་གི་མཐོང་ས་ན་ཁྱོད་ནི་ཆར་རྗེས་ཀྱི་ཤྭ་མོ་བཞིན་བརྡོལ་ཡོད། དེའི་དྲིན་གྱིས། སྤང་མེ་ཏོག་མཁའ་ཡི་སྐར་བཞིན་བཀྲ། དགུང་སྔོན་པོ་གཡུ་ཡི་མེ་ལོང་ཆཊ། ནཊ་རྩི་ཤིང་རི་ལུང་ཐང་གསུམ་རྒྱས། ཁྱོད་ནི་མཐོ་སྒང་གི་མི་རྣམས་ལ་འོད་དུ་སྣང་བའི་ལྕི་བ་ལགས།
    འབྲོང་ཕོ་མོ་གཡག་ཏུ་བཏུལ་བ་ནས་བཟུང་། ཁྱོད་ནོར་གནག་དང་ལྷན་དུ་མཐོ་སྒང་གི་མ་བོས་རང་ཕེབས་ཀྱི་མགྲོན་དང་མ་ཉོས་རང་གནང་གི་བགོ་སྐལ་དུ་གྱུར། དུས་དེ་ནས་བཟུང་ཕ་འབྲོག་པ་ཚང་གི་འོ་ཇ་ཁྱོད་ཀྱིས་བསྐོལ། སྦྲ་སྨུག་པོའི་དྲོད་སྐྱིད་ཁྱོད་ཀྱིས་སྲུང་། དུས་དེ་ནས་བཟུང་། ཐབ་སྐྱ་བོ་ཁྱོད་ཀྱི་གར་སྟེགས་སུ་གྱུར་ཅིང་། རྩི་མེ་ཏོག་ཁྱོད་ཀྱི་བཅུད་ལས་རྒྱས། ལྕི་རློན་དང་ལྕི་སྐམ། ལྕི་འཁེངས། ཁྱོད་ལ་ཕྱིའི་རྣམ་པ་མང་ཡང་ནང་གི་འོད་དང་དྲོད་ཀྱི་ངོ་བོ་ཡེ་ནས་འགྱུར་བ་མེད། དུས་དེ་ནས་བཟུང་། དབུལ་ཕྱུག་དང་སྐྱ་སེར་དབྱེར་མེད་ཀྱིས་ཁྱོད་ཀྱི་དྲོད་ལ་རེ་ཞིང་ཁྱོད་ཀྱི་འོད་ལ་འཁེན། 
    ཁྱོད་ནི་བྱིན་རླབས་ཀྱི་དངོས་གྲུབ་མ་ཡིན་ཡང་། ཨ་ཁུ་ཁྲོ་ཐུང་གིས་ནུ་མའི་ནང་གི་བདུད་རྩི་དང་རྔ་མའི་འོག་གི་དངོས་གྲུབ་གཉིས་ཁྱད་མེད་ཡིན་ཟེར་ནས་བཟོས་པའི་ངོ་མཚར་གྱི་ངག་རྒྱུན་ཡོད། ཁྱོད་ནི་དུག་དང་གྲིབ་སེལ་གྱི་མཆོད་རྫས་ཡིན། ཁྱོད་ནི་ཕྱུག་པོའི་ཕྱུག་དར་མ་ཡིན་ཡང་། ཁྱོད་ཀྱིས་བརྗིད་ཉམས་ཀྱི་ཕོ་བྲང་བཞེངས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་ཡོད། ཁྱོད་ཀྱིས་བླ་མཁན་ངུར་སྨྲིག་ཚོཊ་ལ་སྣེ་ལེན་བྱེད་པའི་རྟེན་འབྲེལ་གྱི་ཆོ་ག་ཡོད། ཁྱོད་ནི་མཛངས་བློན་དཔའ་བོ་དག་ལ་རྒྱལ་ཁའི་རླུང་རྟ་སྤུར་བའི་བསང་དུད་ཀྱི་ཀློང་ན་ཡོད།
    ཁྱོད་ནི་ཨ་མ་རྒན་མོའི་གཡོས་སྦྱོར་གྱི་མཐུན་རྐྱེན་ཡིན། ཁྱོད་ནི་ཨ་ཅེ་འབྲོག་མོའི་སྒྱུ་རྩལ་གྱི་རྫས་མཆོག་ཡིན། ཁྱོད་ནི་ཕ་ཨ་ཁུའི་ལག་རྩལ་གྱི་གཞོགས་འདེགས་ཡིན། ཁྱོད་ནི་ཆུང་གཞོན་ནུའི་དགའ་སྐྱིད་ཀྱི་རྩེད་ཆས་ཡིན། ཁྱོད་ཕྱི་ལ་ལུས་ན་གད་དང་ནང་ལ་ཐོན་ན་ནོར་ཡིན། ཉིན་གྱི་དུས་དྲུག ཟླ་ཡི་སུམ་ཅུ། ལོ་ཡི་བཅུ་གཉིས་རིང་ལ་ཁྱོད་ཀྱིས་འགྱོད་སེམས་དང་སུན་སྣང་མེད་ཅིང་། ང་རྒྱལ་དང་ཁེངས་དྲེཊ་མེད་པར་ཡོད་ཚད་ཕུལ་ཞིང་ཡོད་ཚད་བཏང་།
    གཡང་ཁྱིམ་གྲུ་བཞིའི་ལྷས་ར་ཁྱོད་ཀྱིས་བྱས་ཤིང་། བཀྲ་ཤིས་རྟགས་མཚོན་རི་མོ་ཁྱོད་ཀྱིས་གྲུབ། གཡག་དང་འབྲི། གཅན་གཟན་རི་དྭགས་འདྲ་མིན་གྱི་འདྲ་གཟུགས་ཡང་ཁྱོད་ལས་བཟོས་པ་ཡོད། ད་དུང་། ནམ་ཟླ་རབ་ཏུ་གྲང་བའི་དགུན་གྱི་དུས་ལ། ལྕི་ཕག ལྕི་ར། ལྕི་སྒ། མཐོ་སྒང་གི་ཅ་ལག་ཅི་སྙེད་ཅིག་ཀྱང་ཁྱོད་ལས་གྲུབ། ལྕི་བ་ལགས། ཁྱོད་ནི་མེ་ཡི་སྣུམ་ཡིན། བཟོ་བཀོད་ཀྱི་རྒྱུ་ཆ་ཡིན། ཁྱོད་ནི་རིན་མེད་ཀྱི་རྩེད་ཆས་ཡིན། ཁྱོད་ཀྱིས་སྔ་ཕྱི་གང་ཞིག་བརྒྱུད་ཀྱང་སྐྱེ་ཁམས་ལ་གནོད་པ་མེད་ཅིང་ཁོར་ཡུག་ལ་གཏོར་བརླག་བྲལ། ཁྱོད་ཀྱིས་འབུད་ཤིང་དང་རྡོ་སོལ་གྱི་ཚབ་བྱས་ནས་ཐབ་སྐྱ་བོ་དྲོད་ཀྱིས་བརྟས། འདི་ནི་ཁྱོད་ཁོ་ནའི་འཇོན་ནུས་དང་ཁྱོད་ཁོ་ནའི་མཛད་པ་ལགས། 
    མདོར་ན། ཁྱོད་ནི་ཁོར་ཡུག་སྲུང་སྐྱོབ་དང་དམ་དུ་འབྲེལ་ཞིང་སྐྱེ་ཁམས་དོ་མཉམ་གྱི་མཆེད་ཟླ་ཉིད། 
    ཁྱོད་ཡོད་པས། ནགས་ཀྱི་རྩ་བ་དང་ཡན་ལག་གཅོད་མི་དགོས་པ་འདི་སུ་ཡིས་ཚོར།
    ཁྱོད་ཡོད་པས། སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་བོ་སྔར་བཞིན་གནས་ཐུབ་ཨང་།།
 (མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་ངག་དབང་བཀྲ་ཤིས།)